༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ ༣ ཚེས ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ ༣ ཚེས ༡༠ སྔ་དྲོ་ཆུ་ཚོད ༩།༣༠ ཐོག་ས་གནས་མི་མང་ཚོགས་ཁང་དུ་ས་གནས་མི་མང་རྣམས་མཉམ་འཛོམས་ཐོག་ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། གཏན་སློབ་ཀྱི་དགེ་ལས་དང་སློབ་ཕྲུག གཞིས་མཉམ་གཉིས་ཀྱི་ལས་བྱེད། མི་མང་བཅས་ཁྱོན་མི་གྲངས ༣༥༠ ཙམ་ཚང་འཛོམས་ཐོག་གཞུང་འབྲེལ་དུས་དྲན་མཛད་སྒོ་དབུ་འཛུགས་ཞུས་ཡོད། དེ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ཕྱོགས་ལ་ཞི་བའི་སྒོ་ནས་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། མཛད་སྒོའི་གཙོ་སྐྱོང་བ་གཞིས་ལས་ཁང་གི་ལས་དྲུང་ནས་དེ་ཉིན་གྱི་མཛད་སྒོ་ངོ་སྤྲོད་དང་ས་གནས་འགོ་འཛིན་གྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས་ལས་དྲུང་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་མང་ཚོགས་ལ་སྒྲོགས་སྦྱང་གནང།
དེ་རྗེས་ས་གནས་གཞོན་ནུ་ལྷན་ཚོགས་དང་ས་གནས་འགོ་འཛིན་གཉིས་ཀྱིས་ཟུང་འབྲེལ་གོ་སྒྲིག་ཐོག མི་མང་རྣམས་ཀྱིས་སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ཕྱི་དྲོ་ཆུ་ཚོད ༤།༣༠ བར་མ་ཎི་གསོག་སྒྲུབ་དང་། བརྒྱ་མཆོད་འབུལ་ཤོམ་གནང་རྗེས་ ས་གནས་གཞོན་ནུ་ལྷན་ཚོགས་ནས་མང་ཚོགས་ལ་ཞོགས་ཇ་དང་། ཉིན་གུང་གསོལ་ཚིགས། དགོང་ཟས། བར་སེང་གསོལ་ཇ་སོགས་གོ་སྒྲིག་ཞུས། བསུ་ན་མདའ་བཀྲ་ཤིས་གླིང་ས་གནས་སུ་རྒྱལ་གཅེས་པ་དམ་པ་རྣམས་ལ་བསྔོ་སྨོན་ཆེད་ཕྱི་ལོ་ ༢༠༡༣ ཟླ ༣ ཚེས ༡༠ ནས་ཚེས ༡༢ བར་ཉིན་གསུམ་རིང་སྔ་དྲོ་ཆུ་ཚོད ༩།༣༠ ནས་ཕྱི་དྲོ་ཆུ་ཚོད ༤།༣༠ བར་མི་གྲངས ༦༠ ནས་མ་ཎི་ ༡༠༠༩༨༠༠ གསོག་སྒྲུབ་ཞུས་ཡོད། ཉིན་དང་པོའི་སྦྱིན་བདག་དང་གོ་སྒྲིག་ས་གནས་གཞོན་ལྷན་ཚོགས་དང་། ཉིན་གཉིས་པ་དང་གསུམ་པ་ས་གནས་ཆོས་ཚོགས་ནས་གོ་སྒྲིག་གནང་ཡོད་པ་བཅས།།