༢༠༡༣ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ལྷག་དཀར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ནིའུ་ཡོཀ་ཏུ་གནས་སྡོད་བོད་རིགས་རྣམས་ཐུག་འཕྲད་དང་འབྲེལ་གསུང་བཤད་གནང་ཡོད།
དེ་ཡང་དེ་ཉིན་བོད་མི་རྣམས་ཀྱིས་སོ་སོའི་ལས་བྲེལ་ལ་མ་ལྟོས་པར་བོད་མི་ཉིས་བརྒྱ་ཙམ་འདུ་འཛོམས་ཀྱིས་ཐོག་མར་བོད་རིགས་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་དང་ཚོགས་མི་རྣམས་ཀྱིས་བཀའ་བློན་མཆོག་ལ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུས་ཡོད། སྐབས་དེར་བཀའ་བློན་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང། བོད་མི་རྣམས་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
ལྷག་པར་བཀའ་བློན་མཆོག་གིས་བོད་པའི་མང་ཚོགས་ཁྲོད་སྐད་ཆ་གོ་བརྡ་གསལ་པོ་མ་འཕྲོད་པའི་དབང་གིས་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་ཤོད་མུས་ཡིན་པ་དེ་དག་ལ་གསལ་བཤད་གནང་ཡོད་པ་མ་ཟད། བོད་རིགས་གཞོན་སྐྱེས་ཚོར་སོ་སོའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་སློབ་སྦྱོང་དང་བདག་གཅེས་བྱེད་དགོས་པའི་སྐུལ་མ་ཤུགས་ཆེ་གནང་ཡོད།
དེ་ནས་དེར་འདུས་བོད་མི་རྣམས་ཀྱིས་བཀའ་བློན་མཆོག་ལ་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང། རེས་གཟའ་ལྷག་པ་ཉིན་ལྷག་དཀར་སྲུང་བརྩིའི་གལ་གནད། མ་འོངས་བོད་ཀྱི་འཐབ་རྩོད། དང་བླང་དཔྱ་ཁྲལ་སོགས་ཀྱི་གནད་དོན་ཐོག་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས། །