༢༠༡༣ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དབུ་བླ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ཉིན་ཇར་མན་རྒྱལ་ས་འབར་ལིན་ནང་ཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ (German Human Rights Commissioner) འགན་འཛིན་སྐུ་ཞབས་མར་ཀུ་སི་ལོན་ནི་ (Mr. Markus Löning)མཆོག་དང་མཇལ་འཕྲད་གནང་སྟེ་སྤྱིར་བོད་ནང་གི་གནས་སྟངས་དང་ཡང་སྒོས་ཀིརྟི་དགོན་པའི་ནང་གི་ཆེས་ཛ་དྲག་ཅན་གྱི་གནས་དོན་རྣམས་སྙན་སེང་ཞུས་འདུག
སྐབས་དེར་རིན་པོ་ཆེ་མཆོག་གིས་གསུང་དོན། བོད་ནང་ཕྱི་ལོ་ ༢༠༠༩ ནས་དུས་ད་ལྟ་བར་ཁྱོན་བོད་མི་གྲངས་ ༡༠༩ ནས་བོད་ཀྱི་བདེན་དོན་ཆེད་རྒྱ་ནག་གཞུང་ནས་བོད་མིའི་ཐོག་བཟུང་དང་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་སླད་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་བོད་མི་ ༤༧ རྔ་པ་ས་ཁུལ་ནས་ཆགས་ཡོད། བོད་ནང་ད་ལྟའི་ཆེས་ཛ་དྲག་ཅན་གྱི་གནས་སྟངས་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག དེ་བཞིན་རང་བྱུང་ཁོར་ཡུག་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་རྐྱེན་ལས་བྱུང་བ་ཞིག་རེད། ཅེས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས་གསུང་དོན། བོད་ནང་གི་གནས་ཚུལ་རྣམས་ང་ཚོས་ཞིབ་ཕྲ་ཤེས་ཀྱི་ཡོད་པ་མ་ཟད། ང་ཚོར་ཡང་བོད་ནང་གི་གནས་སྟངས་ལ་ཧ་ཅང་སེམས་འཚབ་ཡོང་བཞིན་འདུག དེར་བརྟེན་ང་ཚོའི་ངོས་ནས་ག་དུས་ཡིན་རུང་རྒྱ་ནག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་ཤོད་སྐབས་བོད་ཀྱི་གནས་ཚུལ་རྣམས་གླེང་སློང་བྱེད་བཞིན་ཡོད། ཅེས་གསུངས་འདུག
ལྷག་པར་རིན་པོ་ཆེ་མཆོག་གིས་དེ་ཉིན་ཕྱེད་ཡོལ་ཇར་མན་གྲོས་ཚོགས་ནང་ཆེད་ཕེབས་གནང་སྟེ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་དང་། དེ་བཞིན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད། དེ་བཞིན་རིན་པོ་ཆེ་མཆོག་གིས་ཇར་མན་ས་གནས་ཀྱི་གྲགས་ཅན་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་བཅའ་དྲི་ཁག་ལ་དང་ལེན་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ནན་གསུང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་དང་ཉེ་འབྲེལ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད། ལྷག་པར་རྔ་པ་ཁུལ་ནས་ཡིན་པའི་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་རང་ལུས་མེར་སྲེག་གི་བརྒྱུད་བསྐུལ་བྱས་པའི་བསྙད་འདོགས་ཀྱི་ཉེས་འཛུགས་འོག་གཅིག་ལོ་གཉིས་རྗེས་སྲོག་ཁྲིམས་དང་གཞན་དེར་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད།
གནས་སྟངས་དེ་ལྟ་བུའི་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པའི་བོད་མིའི་བདེ་འཇགས་ལ་ཧ་ཅང་སེམས་འཚབ་ཆེན་པོ་ཡོང་གི་འདུག རྒྱ་ནག་གཞུང་ནས་བོད་མི་གཅིག་མཇུག་གཉིས་མཐུད་ཀྱི་འཛིན་བཟུང་དང་དམ་བསྒྲགས་ལ་ལྟོས་མེད་བོད་ནང་གི་བོད་མིའི་རང་ལུས་མེར་སྲེག་ཀྱི་གནས་ཚུལ་མུ་མཐུད་འཐོན་བཞིན་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་ལ་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏང་བར་དེ་མུར་བཞག་ན་བོད་ནང་གི་ཛ་དྲག་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད། ཅེས་གསུངས་འདུག་པ་བཅས། །