༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕ་རན་སི་ཁུལ་དུ་ཉིན་གསུམ་རིང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་རྒྱལ་ས་པེ་རི་སིར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། བོད་པའི་བུད་མེད་དང་གདོང་ལེན། (Tibetan Women and Resistance.)” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
སྐབས་དེར་པེ་རིའི་མངའ་ཁོངས་སུ་གཏོགས་པའི་རྫོང་ཁག་བཅུ་གཅིག་གི་ཚོགས་ཁང་ནང་དུ་ཕྱི་རྒྱལ་བ་མི་གྲངས་ ༢༠༠ ཙམ་འདུ་འཛོམས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ཕྱི་དྲིལ་བཀའ་བློན་མཆོག་ལ་གྲོང་སྡེའི་སྤྱི་ཁྱབ་པ་དང་ཕ་རན་སི་གྲོས་ཚོགས་འོག་མའི་དྲུང་གཞོན་སྐུ་ཞབས་པེ་ཊི་རིཀ་བྷོ་ལོ་ཆི་ (Mr. Patrick Bloche) མཆོག་གིས་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་སྤེལ་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད། སྐུ་ཞབས་པེ་ཊི་རིཀ་བྷོ་ལོ་ཆི་མཆོག་ནི་ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཡང་ཡིན་འདུག
དེ་ནས་བཀའ་བློན་མཆོག་གིས་བོད་ནང་ད་བར་བོད་མི་རྒྱལ་གཅེས་པ་གྲངས་ ༡༠༧ ནས་རང་ལུས་མེར་སྲེག་བཏང་བ་དང། རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་གནས་སྟངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕ་རན་སིའི་རླུང་འཕྲིན་ (Radio France) དང་བརྙན་འཕྲིན་ (TV5 Monde) བཅས་ཀྱི་བཅའ་འདྲི་དང་ལེན་ཞུས་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་གདུང་སེམས་མཉམ་སྐྱེའི་ལས་འགུལ་ནང་མཉམ་ཞུགས་ཆེད་ཕེབས་ཐོན་མ་གནང་གོང་ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམས་དང་ལྷན་མཇལ་འཕྲད་ཀྱང་གནང་འདུག་པ་བཅས། །