༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཨ་རིའི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱི་བཏང་གནས་ནང་འཁོད་དོན། དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་མང་ནས་རྒྱ་ནག་དམར་པོའི་གཞུང་གི་དབང་སྒྱུར་ལ་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ ༥༤ འཁོར་བའི་ཉིན་མོ་ཡིན་པ་ལྟར། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་དེ་རིང་སྔ་དྲོ་སེར་སྐྱ་མང་ཚོགས་རྣམས་གྲོང་ཁྱེར་ནིའུ་ཡོཀ་ནང་གི་ Cadman Plaza ཞེས་པའི་གླིང་ཁའི་ནང་རིམ་བཞིན་འཛོམས་ཤིང་། དེ་རྗེས་སྤྱི་གླིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། གསུམ་བཅུའི་དྲན་གླུ་བཏང་བ་དང་དུས་མཚུངས་མཛད་སྒོ་དངོས་གཞི་གནང་བའི་ཐོག་མར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱ་རིགས་ཤེས་ཡོན་ཅན་ཡང་ཅན་ལི་སོགས་ནས་རིམ་པས་གསུང་བཤད་གནང་ཡོད།
ཐོག་མར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་གནང་བའི་དཔལྡན་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གི་ཡོངས་ཁྱབ་གསུང་བཤད་སྒྲོག་སྦྱངས་གནང་ཡོད།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནས་མཛད་སྒོར་གསུང་བཤད་གནང་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞིས་ལུས་བོད་མིའི་འགྱུར་བ་མེད་པའི་སེམས་ཤུགས། དབུ་མའི་ལམ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་རྐྱང་པ་མིན་པར། དེ་ནི་མང་ཚོགས་ཀྱི་ཚད་མཐོའི་རྒྱབ་སྐྱོར་དང་མོས་མཐུན་ཡོད་པའི་སྲིད་བྱུས་ཤིག་ཡིན་པ་སོགས་དབུ་མའི་ལམ་གྱི་བྱུང་རིམ། བོད་མི་གཞོན་སྐྱེས་ཚང་མས་ཤེས་ཡོན་ཡར་རྒྱས་ལ་མཐོང་ཆེན་བྱེད་དགོས་པའི་གལ་ཆེའི་རང་བཞིན། དབུ་མའི་ལམ་ནི་བོད་ཆགས་འཇིགས་ཀྱི་མཚམས་སུ་སླེབས་པའི་སྐབས་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ། གཞིས་ལུས་བོད་མི་རྣམས་བཙན་གནོན་སྡུག་རྩུབ་ཀྱི་གཞན་དབང་འོག་ཚད་ལས་འདས་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་ཀྱང་། ད་བར་སེམས་ཤུགས་འགྱུར་བ་མེད་པར་གནས་ཏེ། མི་ཐོག་འགྱུར་བ་འགྲོ་གི་ཡོད་ཀྱང་། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་རྒྱུན་མི་ཆད་པར་གནས་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་བཟང་དུ་ཤར་བསྐྱོད་གནང་གི་ཡོད་པ་ལས། རང་བཙན་རྩོད་ལེན་པ་རྣམས་ལ་འགོག་རྐྱེན་བཟོ་གི་ཡོད་ཚུལ་ཤོད་པ་ནི་གཏམ་འཆལ་ཁོན་ཡིན་ཞིང་།
ཡིན་ན་ཡང་མང་གཙོ་ཁ་ལ་འཁྱེར་ནས་འགན་མེད་པའི་བཀའ་མོལ་གསུང་པ་ཡིན་ན་སྤྱི་ལ་ཕན་ཐོགས་གང་ཡང་མེད་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་རང་བཙན་རྩོད་ལེན་གནང་གི་མེད་པའི་སྲིད་བྱུས་བཟུང་བ་ནི་དགོས་པ་རྒྱུ་མཚན་དུ་མ་ཡོད་ཅིང་། ཕུགས་རྒྱང་རིང་པོར་དགོངས་པ་བཞེས་པའི་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད། ད་བར་རྡ་རམ་ས་ལར་ཁ་ཆག་སྣ་རལ་གང་ཡང་བྱུང་མེད། ཅེས་སྤོབས་པ་ཆེན་པོ་བྱས་ནས་ཞུ་ཐུབ་ཀྱི་ཡོད་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་དྲིན་དང་། རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་སོགས་ཀྱི་སྐོར་ནན་བརྗོད་གནང་ཡོད།
སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་སྐབས། ད་ལྟའི་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཡིན་པ་དང་། བཀའ་ཤག་གིས་མཐའ་འཁྱོངས་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་ཆེན་པོ་ཡོད་པའི་སྲིད་བྱུས་ཤིག་ཡིན་པ། འདས་པའི་ལོ་ཤས་ནང་མི་རེ་ཟུང་ནས་བསམ་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ལ་རྒྱུ་མཚན་ཡང་དག་མེད་པའི་གཞི་མེད་ཀྱི་སྐྱོན་འཛུགས་ཐོག་མང་གཙོ་མི་འདུག་ཟེར་བ་དང་། ལས་འགུལ་ལ་དམ་བསྒྲགས་བྱེད་ཀྱི་འདུག་ཟེར་བ། བོད་མིའི་དབུ་ཁྲིད་ཚོས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་གཏོང་གི་འདུག་ཟེར་བ་སོགས་གཞི་མེད་ཀྱི་གཏམ་འཆལ་དེ་ཚོར་མང་ཚོགས་རྣམས་མགོ་མ་འཁོར་བ་བྱེད་དགོས།
ད་ལྟའི་དུས་ཚོད་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད། བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་ཏུ་ལངས་དགོས་པའི་དུས་ལ་བབ་ཡོད་པ། བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ཁས་ལེན་བྱེད་དགོས་ཞེས་ཡང་ཡང་ཆ་རྐྱེན་བཏོན་ཡོད་ཀྱང་། ༸གོང་ས་མཆོག་དང་། བོད་མིའི་དབུ་ཁྲིད་ཀྱིས་བོད་ཀྱི་ལོ་རྒྱུས་ནི་སུ་ཅིག་གིས་འགྱུར་བ་བཏང་ཐུབ་ཀྱི་མ་རེད། ཅེས་གསུང་གི་ཡོད་པ་དེ་ནི་བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེ་སུ་གཅིག་གིས་བཟོ་བཅོས་རྒྱབ་ཐུབ་ཀྱི་མི་འདུག་ཅེས་གསུང་གི་ཡོད་པའི་སྐོར་ནན་གསུང་གནང་ཡོད་པ་མ་ཟད། ད་དུང་སྐུ་ཚབ་དོན་གཅོད་མཆོག་གིས་འབུར་འདོན་གནང་དོན་ལ། ཉེ་བའི་དུས་ཡུན་ནང་༸གོང་ས་མཆོག་ལ་མཚན་དམས་དང་། ཟུར་ཟ་བྱེད་མཁན་བོད་མི་ཉུང་ཤས་ཡོང་གི་ཡོད་པ་དེ་ཚོ་མང་གཙོ་རེད། མང་གཙོའི་སྤྱི་ཚོགས་ནང་ག་རེ་བཤད་བཤད་རེད། གཟི་བརྗིད་རེད་ཟེར་བ་ནི་ཞབས་འདྲེན་ཡིན་པས། ཚང་མས་ཡིད་ཟབ་དང་། དོགས་ཟོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ཡང་གསུང་ཡོད།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས་ཡིན་པའི་རྒྱ་རིགས་ཤེས་ཡོན་ཅན་ཡང་ཅན་ལི་ཡིས། དེ་རིང་གི་གསུམ་བཅུའི་དུས་དྲན་དེ་ནི་བོད་ཀྱི་གནས་བབ་ཆེས་མུན་ནག་གི་གནས་སྟངས་ཤིག་གི་འོག་ལ་དྲན་གསོ་བྱེད་ཀྱི་ཡོད་པ་དང་། ངས་གོ་སྐབས་འདི་བརྒྱུད་རྒྱ་རིགས་སྤུན་ཟླ་རྣམས་ལ་དེ་རིང་གི་ཉིན་མོ་འདིར་འཛམ་གླིང་མི་མང་དང་འདྲ་བར། བོད་མིར་གདུང་སེམས་མཉམ་སྐྱེ་ཞུ་དགོས་པ་དང་། བོད་མིར་དཀའ་སྡུག་གང་ཞིག་འཕྲད་ཀྱི་ཡོད་པ་རྣམས་ངོས་འཛིན་ཐུབ་པ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད། དེའི་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ། བུད་མེད། ཆུ་བཞི་སྒང་དྲུག་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོས་ཀྱང་གསུང་བཤད་གནང་ཡོད།
དེ་རིང་སྲུང་བརྩི་གནང་བའི་གསུམ་བཅུའི་དུས་དྲན་འདི་ནི་བོད་ནང་སྔར་བྱུང་མ་མྱོང་བའི་ཆེས་ཛ་དྲག་ཆེ་བའི་དུས་ཚོད་ཞིག་འཁེལ་ཡོད་པར་བརྟེན། མཉམ་ཞུགས་གནང་མཁན་ཚང་མར་རྣམ་ཀུན་དང་མི་འདྲ་བའི་སེམས་ཚོར་དམིགས་བསལ་ཞིག་ཡོད་པ་ནི་ངོ་གདོང་གི་རྣམ་འགྱུར་དང་། སྐད་འབོད་ཀྱི་སྒྲ་ཤུགས་ནས་གསལ་པོ་མངོན་གྱི་འདུག
གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ནི་ནེའུ་ཡོཀ་དང་ནེའུ་ཇའ་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ། བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཆུ་བཞི་སྒང་དྲུག ཨ་རི་བོད་ཀྱི་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དྲུག་ཐུན་མོང་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། མི་གྲངས་ ༣༠༠༠ ལྷག་ཙམ་ལས་འགུལ་ནང་མཉམ་བཞུགས་གནང་འདུག །