༢༠༡༣ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ལོ་ལྟར་དོན་གྲུབ་གླིང་གཞིས་སྒར་དུ་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་གྱི་རིས་མེད་སྐྱེས་ཆེན་སྤྱི་དང། ལྷག་པར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གསང་གསུམ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐའ་དག་དགོངས་ཀློང་ཟབ་མོའི་དབྱིངས་སུ་ཇི་ལྟར་མངའ་བ་བཞིན་ལྷུན་གྱིས་འགྲུབ་པ་དང་། ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་གངས་ཅན་བོད་ཀྱི་ལྗོངས་སུ་ཀླ་ཀློའི་གདུག་རྩུབ་ཀྱི་མུན་ཁྲོད་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཤར་ཏེ་ཕུན་ཚོགས་དགེ་ལེགས་ཀྱི་དངོས་པོ་ཡོངས་སུ་བལྟམ་པའི་སྨོན་འདུན་སོགས་ཀྱི་ཆེད་གུ་རུའི་གཟུངས་སྔགས་གསོག་སྒྲུབ་ཞུས་མུས་ཀྱང་། འདི་ལོར་ཡང་བོད་ཟླ་ ༡ ཚེས་ ༢༥ ནས་བོད་ཟླ་ ༢ ཚེས་ ༡༠ བར་སི་རྡི་དུང་ཕྱུར་གཅིག་ལྷག་ཙམ་གསོག་སྒྲུབ་ཞུས་ཡོད་ནའང། འདི་ལོ་བོད་ཟླ་ ༢ ཚེས་ ༡༥ བར་སི་རྡི་དུང་སྒྲུབ་ཚོགས་ཁང་གི་ཚོགས་མགོན་དུ་སྐྱབས་རྗེ་མཁན་པོ་ཐེག་མཆོག་རྒྱལ་མཚན་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། ས་གནས་མི་མང་བཅས་འདུ་འཛོམས་ཀྱིས་གུ་རུའི་གཟུངས་སྔགས་དང་ཉིན་ལྟར་རྒྱ་མཆོད་ཆད་མེད།
དེ་བཞིན་ཚོགས་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། ད་བར་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བོད་བསྟན་པ་ཆབ་སྲིད་དང་མི་རིགས། རང་དབང་གི་དོན་དུ་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་བླ་ན་མེད་པའི་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཆེད་དང། ཆོལ་གསུམ་བོད་མིའི་མངོན་འདོད་བོད་མིའི་བདེན་མཐའ་གསལ་ཐབས། བོད་མི་ཡོངས་ཀྱི་བསོད་ནམས་གོང་མཐོར་འཕེལ་སླད་བཅས་ལེགས་ཚོགས་ཀྱི་སྒོ་རྒྱ་དུ་མར་དམིགས་ཏེ་སི་རྡི་འཕར་མ་གསོག་སྒྲུབ་ཀྱིས་འདི་ལོ་ཉིན་གྲངས་ ༢༡ ལ་སི་རྡི་དུང་སྒྲུབ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་དང་བརྒྱད་སྟོང་གསོག་སྒྲུབ་ཞུས་ཡོད་པ་བཅས།།