༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། རང་གཞུང་བཀའ་ཤག་ནས་འདི་ལོ་བོད་མིའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་ལོ་སྲུང་བརྩི་ཞུ་རྒྱུའི་དགོངས་དོན་ལྟར། ཐེ་ཝན་ནང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད།
དེ་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ས་གནས་བོད་རིགས་ཚོགས་པ་སོགས་མཉམ་འབྲེལ་ཐོག་ཕྱི་ཟླ་ ༢ ཚེས་ ༢༥ ནས་ཕྱི་ཟླ་ ༣ ཚེས་ ༡༠ བར་ཐེ་ཝན་རང་དབང་ཐང་ཆེན་མདུན་དུ་བོད་དོན་ངོ་སྤྲོད་ཀྱི་འགྲེམས་སྟོན་གནང་བཞིན་ཡོད་པ་དང་། འགྲེམས་སྟོན་གྱི་ནང་དོན་གཙོ་བོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བཙན་བྱོལ་གྱི་མང་གཙོའི་འཕེལ་རིམ། བོད་ནང་གི་གཏོར་བཤིག བོད་མིས་རང་ལུས་མེར་སྲེག་གིས་ཞི་རྒོལ་སྐོར། གཞན་ཡང་བོད་ཀྱི་དངུལ་ལོར་དང་། སྦྲག་རྟགས། བོད་མིའི་ཕྱི་བསྐྱོད་ལག་ཁྱེར་སྐོར་སོགས་ངོ་སྤྲོད་གནང་ཡོད། རང་དབང་ཐང་ཆེན་དུ་ཉིན་ལྟར་རྒྱ་ནག་སྐམ་སའི་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་སྟོང་ཕྲག་བརྒལ་བ་ཡོང་གི་ཡོད་པར་བརྟེན། བོད་མིའི་དངོས་ཡོད་གནས་སྟངས་ཁོང་ཚོས་ཤེས་རྟོགས་ཡོང་སླད་ ཕྱི་ཟླ་ ༣ ཚེས་ ༢ ཉིན་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་སྲིད་འཛིན་ཟུར་པ་ལིའི་ཏེང་ཧུའེ་ཡི་མང་གཙོའི་མཐུན་ཚོགས་ནས་གོ་སྒྲིག་གནང་བའི་རྒྱ་ནག་གནད་དོན་སྐོར་བགྲོ་གླེང་ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་མགྲོན་འབོད་གནང་དོན་ལྟར། དོན་གཅོད་ནས་རྒྱ་ནག་གི་མི་རིགས་ཀྱི་སྲིད་བྱུས་དང་མི་རིགས་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། བགྲོ་གླེང་ཚོགས་འདུར་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་དང་འབྲེལ་བའི་དྲི་བར་དོན་གཅོད་ཀྱིས་ངོ་སྤྲོད་གསལ་བཤད་གནང་ཡོད།
དེ་བཞིན་ཟླ་ ༣ ཚེས་ ༢ ཉིན་ས་གནས་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ། བོད་དོན་རྒྱབ་སྐྱོར་གནང་མཁན་བཅས་མི་གྲངས་བཞི་བཅུ་ལྷག་གིས་གསུམ་བཅུའི་དུས་དྲན་ཁྲོམ་སྐོར་གྱི་སྔོན་འགྲོའི་ལས་འགུལ་ཞིག་སྤེལ་བ་རེད། ལས་འགུལ་དེ་རིགས་ནི་ཐེ་ཝན་གཞོན་སྐྱེས་ཚོས་དར་སོ་བྱེད་པའི་མི་ཚོགས་ཁྲོད་གློ་བུར་དུ་འཛོམས་ནས་རང་གི་མངོན་འདོད་མཚོན་པ་བྱེད་ཀྱི་ཡོད། དེ་ཉིན་ལས་འགུལ་ནང་ཞུགས་མཁན་རྣམས་ཀྱིས་ལུས་ལ་གྱོན་གོས་ནག་པོ་གྱོན་པ་དང་། ལག་ཏུ་རང་ལུས་མེར་སྲེག་གཏོང་མཁན་གྱི་འདྲ་པར་ཁྱེར་ནས་ས་ཐོག་ཏུ་ཉལ་བ་དང་། དེ་རྗེས་འདྲ་པར་ཐོག་བོད་ཀྱི་རྒྱལ་དར་གཡོགས་པ། འབོད་ཚིག་སོགས་སྒྲོག་ནས་སྐར་མ་ལྔའི་ལས་འགུལ་མཇུག་སྒྲིལ་བ་རེད། གཡས་གཡོན་དུ་ཡོད་པའི་ཐེ་ཝན་གཞོན་སྐྱེས་ཚོས་དོ་སྣང་ཆེན་པོ་གནང་ཡོད།
གཞན་ཡང་ཐེ་ཝན་གྱི་དམངས་འཁྲོད་ནང་རང་འགུལ་གྱིས་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཡང་བྱུང་ཡོད་པ་སྟེ། ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཐེ་པེ་གྲོང་ཁྱེར་ནང་རོལ་དབྱངས་ཀྱི་མཚན་ཚོགས་ཆེན་པོ་ཞིག་གི་ཐོག་གཞོན་སྐྱེས་གཞས་པ་ཀྲང་རུད་ཇོན་ལགས་ཀྱིས་རོལ་དབྱངས་གཏོང་སྐབས་བྲང་ཁོག་ཏུ་བོད་ཀྱི་རྒྱལ་དར་རྟགས་མ་ཆུང་ཆུང་བཏགས་པ་དང་། དེ་བཞིན་ཟླ་ ༣ ཚེས་ ༢ ཉིན་ཀའོ་ཞུང་གྲོང་ཁྱེར་ཏུ་རོལ་དབྱངས་མཚན་ཚོགས་ཤིག་ཐོག་གཞས་པ་ཨའོ་བྷོ་ལགས་ཀྱིས་བོད་མིས་རང་དབང་ཆེད་རང་ལུས་མེར་སྲེག་བཏང་བའི་འདྲ་པར་འཕྱར་ཏེ་ངོ་སྤྲོད་གནང་བ་སོགས་བོད་དོན་ངོ་སྤྲོད་རྒྱ་ཆེ་བྱུང་ཡོད་པ་བཅས། །