༢༠༡༣ ཟླ་ ༣་ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ ཉིན་བཞུགས་སྒར་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་༼ཊི་བྷི་གྲངས་ཐོ་ཕྱོགས་བསྡུས་༽སྦྱོང་བརྡར་ཟབ་སྦྱོང་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། དྲུང་འཕར་ཚེ་རྒྱལ་ལགས། དྲུང་གཞོན་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས། ཊི་བྷི་འབྲེལ་ལས་པ་སྡེ་འགན་མིག་དམར་བཀྲིས་ལགས། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་གཞིས་ཆགས་ཁག་ནས་སྨན་ཞབས་མཉམ་ཞུགས་བ་རྣམ་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན་ཊི་བྷི་འབྲེལ་ལས་པ་མིག་དམར་བཀྲིས་ལགས་དང་འཕྲིན་ལས་དཔལ་མོ་ལགས་གཉིས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་།
དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཊི་བྷི་ནད་གཞི་ཙམ་མ་ཡིན་པར་ནད་གཞི་གཞན་ཁག་ཀྱང་གྲངས་ཐོ་ཕྱོགས་བསྡུས་བྱེད་རྒྱུ་གལ་ཆེན་པོར་རྩི་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནང་དང་ས་གནས་ས་ཐོག་ལ་ཕྱག་ལས་གནང་མཁན་ང་ཚོ་ཚང་མས་དེའི་ཐོག་ཤུགས་རྒྱག་རྒྱུ་གལ་ཆེ་ཡིན། ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་ཊི་བྷི་ནད་གཞི་དེ་དཀའ་ངལ་ཆེ་ཤོས་དང་ཁྱབ་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་ནད་གཞི་དེ་ཇེ་ཉུང་གཏོང་རྒྱུར་འཕྲོད་བསྟེན་ལས་ཁུངས་ནས་འགོ་འཁྲིད་དེ་ཚང་མས་འགན་འཁྱེར་དགོས། དེ་སྔོན་གློ་ནད་ཊི་བྷི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་ལས་མེད་ཀྱང། དེང་སང་ནད་གཞི་ཐོན་གསར་པ་ང་ཚོའི་སྤྱི་ཚོགས་ནང་གང་ཙམ་སླེབས་ཡོང་གི་ཡོད། སློབ་གྲྭ་ཁག་དང་གཞོན་སྐྱེས་ཚོར་གོ་རྟོགས་སྔོན་འགོག་སྤེལ་རྒྱུ་དང་། གྲངས་ཐོ་ཕྱོགས་བསྡུས་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེས་ང་ཚོའི་སྤྱི་ཚོགས་ནང་ནད་གཞི་ཇེ་ཉུང་ཇི་ཙམ་འགྲོ་མིན་དང་ལས་ཀའི་བྱེད་ཕྱོགས་གསལ་པོ་ཆགས་ཀྱི་རེད། རྒྱ་གར་ནང་ང་ཚོའི་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ ༤༣ ཡོད་པའི་ནང་ཆེད་ལས་སྨན་པ་ཚད་ལྡན་ཉུང་བའི་རྐྱེན་གྱིས་ཊི་བྷི་སོགས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་གང་མགྱོགས་བྱེད་རྒྱུར་དཀའ་ངལ་ཏན་ཏན་ཡོད་པ་མ་ཟད། ང་ཚོའི་ཁྱབ་ཁོངས་སྨན་ཁང་ཙམ་མ་ཡིན་པ་ཚོང་རྒྱག་ཡུལ་སོགས་ཕྱི་ལོག་སྨན་ཁང་བསྟེན་གཏུག་བྱེད་དགོས་བྱུང་རིགས་རྣམས་ཐོ་གཞུང་འཕྲོད་བསྟེན་ལས་ཁུངས་སུ་འབུལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ད་ཐེངས་ཟབ་སྦྱོང་འདིར་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་ཁག་ ༡༥ ནས་སྨན་ཞབས་དང་འཕྲོད་ལས་པ་ ༡༧ མཉམ་ཞུགས་གནང་ཡོད་པ་མ་ཟད། ཉིན་གཉིས་རིང་གི་༼ཊི་བྷི་གྲངས་ཐོ་ཕྱོགས་བསྡུའི་སྦྱོང་བརྡར༽ཟབ་སྦྱོང་ཐོག་འཕྲོད་བསྟེན་ཆེས་ལས་པ་ཨེམ་ཆེ་བློ་བཟང་ཚེ་རིང་ལགས་དང་། བདེ་ལེགས་སྨན་ཁང་གི་སྨན་ཞབས་པ་ཚེ་རིང་དཔལ་སྒྲོན་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་འགན་འཛིན་འཕྲིན་ལས་དཔལ་མོ་ལགས། བདེ་ལེགས་སྨན་ཁང་གི་ཊི་བྷི་ན་ཚའི་སྨན་པ་དཀོན་མཆོག་ལགས་བཅས་ཀྱིས་གྲངས་ཐོ་ཕྱོགས་བསྡུའི་སྐོར་དང་། ཊི་བྷི་ནད་གཞིར་སྨན་བཅོས་བྱེད་སྟངས་སོགས་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག་པ་བཅས།