༢༠༡༣ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༠ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན།
འོད་ཟེར་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དམིགས་བསལ་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་དམངས་སྤྱི་འཐུས་རྣམ་པ། སྲི་ཞུ་བ་རྣམ་པ། མི་དམངས་དང་སློབ་ཕྲུག་རྣམ་པ་ཚང་མར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། བློ་ཕམ་པའི་གནས་ཚུལ་ཞིག་ལ་ཉིན་འགའ་ཤས་སྔོན་བོད་མདོ་སྨད་མཛོད་དགེ་ནས་ཡིན་པ་རང་ལོ་ ༣༠ སོན་པའི་དཀོན་མཆོག་དབང་པོ་ལགས་དང་རང་ལོ་ ༢༨ ལ་སོན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐོགས་མེད་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། སྤྱིར་བཏང་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཕྱི་ལོ་ ༢༠༠༩ ལོར་ ༡ དང་། ཕྱི་ལོ་ ༢༠༡༡ ལོར་ ༡༢། ཕྱི་ལོ་ ༢༠༡༢ ལོར་ ༨༣། ཕྱི་ལོ་ ༢༠༡༣ ལོར་ ༡༣ བྱུང་ཡོད། གང་ལྟར་ཕྱི་ལོ་ ༢༠༠༩ ནས་ད་ལྟ་བར་ཁྱོན་རང་ལུས་མེར་སྲེག་གཏོང་མཁན་ ༡༠༩ བྱུང་བའི་ཁྲོད་ནས་ ༩༡ འདས་གྲོངས་སུ་གྱུར་ཡོད། ངས་དེ་སྔོན་ཚར་ཁ་ཤས་བརྗོད་མྱོང་ཡོད།
ང་ཚོས་དུས་རྟག་ཏུ་སེམས་ལ་ཉར་རྒྱུ་དེ་རང་ལུས་མེར་སྲེག་གཏོང་མཁན་ཚོ་གྲངས་ཀར་མ་འགྱུར་བ། གང་ལ་ཞེ་ན། ཁོང་རྣམ་པ་ཚང་མ་ང་ཚོ་ལྟར་ནང་མི་དང་སྤུན་མཆེད་ཡོད་པ་ཤ་སྟག་རེད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་སྐབས་ཁོང་རྣམ་པའི་ནང་མིས་གཙོས་སྤྱི་ཚོགས་སྤྱི་ཡོངས་ལ་སེམས་འཚབ་ཏན་ཏན་ཡོང་གི་ཡོད། དེ་རིང་ང་ཚོས་ཁོང་རྣམ་པའི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་སྟབས། ཚང་མས་ཐུགས་སྨོན་ཡག་པོ་བསྐྱོན་རོགས་གནང་། ཞེས་གསུངས་ཡོད།
ལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དང་འབྲེལ་བའི་སྐོར་གསུང་དོན། རྒྱ་ནག་གཞུང་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ར་བཟི་བ་དང་མི་ཚེ་ཁུངས་མི་འཁྱོལ་བ། དེ་བཞིན་ཀླད་པ་ཐང་པོ་མེད་སྐོར་གྱི་སྐྱོན་འཛུགས་བྱས་ཡོད། འོན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་ཨ་རི་དང་ཡུ་རོབ་སོགས་ཀྱི་གྲོས་ཚོགས་མང་དག་ཅིག་གིས་གྲོས་ཆོད་འཇོག་སྟངས་དང་། ཁོང་པའི་དགོངས་ཚུལ་ནང་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་པ་ཧ་ཅང་གསལ་པོ་རེད། སྤྱིར་བཏང་ཕྱི་ལོ་ ༢༠༠༦། ༢༠༠༨ དང་། ཕྱི་ལོ་ ༡༩༨༨ ། ༨༩ སོགས་རྒྱ་ནག་གཞུང་ལ་ཞི་རྒོལ་མང་དག་གནང་ཡོད་ཁོངས་ནས་བོད་མི་ཁག་གཅིག་དབང་པོ་སྐྱོན་ཅན་ཆགས་པ་དང་ཁག་གཅིག་གར་སོང་ཆད་མེད་དུ་གྱུར་བ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་མང་པོ་ཞིག་གི་སྙན་ཐོའི་ནང་འདོན་སྤེལ་གནང་ཡོད། རང་ལུས་མེར་སྲེག་གཏོང་མཁན་མང་པོ་ཞིག་གིས་རང་ལུས་མེར་སྲེག་མ་གཏང་གོང་ཁ་ཆེམས་འཇོག་རྒྱུ་དང་ས་སྣུམ་སོགས་འཐུང་གི་ཡོད། དེ་ནི་རྒྱ་ནག་གཞུང་གི་མནར་གཅོད་འོག་གནས་ཐུབ་ཀྱི་མེད་རྐྱེན་པར་བརྟེན། སྐད་འབོད་བྱེད་མཁན་ཞིག་ཡིན་ནའང་རྒྱ་གཞུང་གི་ལག་པར་མ་ཐེབས་པ་བྱེད་ཀྱི་ཡོད། དེ་དག་ཚང་མ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། ཁ་སང་ཧོང་ཀོང་གི་མིང་པའོ་ (Ming Pao) ཚགས་པར་ནང་རྒྱལ་གཅེས་པ་དཀོན་མཆོག་དབང་མོ་ལགས་དང་ཁོང་གི་བཟའ་ཟླ་མ་འཆམ་པའི་རྐྱེན་གྱི་ཁོང་གི་བཟའ་ཟླས་ཁོང་རང་བཀྲོངས་རྗེས་ལུས་སྟེང་ལ་ས་སྣུམ་བླུགས་ཏེ་མེ་སྤར་ནས་རང་ལུས་མེར་སྲེག་བཏང་བ་རེད། ཅེས་རྒྱ་ནག་གཞུང་གིས་ཁུངས་ལུང་གང་ཡང་མེད་པའི་ཁ་མཆུ་བཟོ་གི་ཡོད། དེར་བརྟེན་རྒྱ་ནག་གཞུང་ནས་ཧམ་བཤད་བྱས་ཏེ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་ཡིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རོ་བྷར་ཊི་མེ་ནེན་ཌ་སི་མཆོག་གིས་བོད་དེ་འཛམ་གླིང་ནང་མནར་གཅོད་དང་རང་དབང་མེད་པའི་དམ་བསྒྲགས་ཆེ་ཤོས་ཀྱི་ལུང་པ་ཞིག་ཆགས་ཡོད། ཅེས་གསུངས་ཡོད།
ཉིན་ཤས་སྔོན་ལ་དེ་སྔ་བྱུང་མྱོང་མེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད། བགྲོ་གླེང་གཙོ་སྐྱོང་གནང་མཁན་ཀོ་རོ་ཤི་ཡའི་ཕྱི་སྲིད་བློན་ཆེན་ཡིན་འདུག བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཁོངས་སུ་ཡུ་གུར་དང། བོད་པ། སོག་པོ། དེའི་ནང་ནས་རྒྱ་ནག་གཞུང་ཚབ་ཀྱི་སྐུ་ཚབ་གཅིག་ཕེབས་འདུག ཁོང་རྣམ་པ་བགྲོ་གླེང་གནང་སྐབས་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ར་བྷི་ཡ་ཀ་ཌིར་ (Rabiya kadeer) ལགས་ཀྱིས་ཚོར་ཤུགས་ཆེན་པོས་ཁུངས་དང་ལྡན་པའི་ཐོག་ནས་བགྲོ་གླེང་གནང་བ་དང་ཆབས་ཅིག་ལོ་རྒྱུས་ཐོག་ནས་བོད་དེ་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ཡོད་པ། དེ་བཞིན་ཤིན་ཅང་དང་ནང་སོག་སུའང་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ཡིན་པ་གསལ་པོ་རེད། སྔོན་མ་ཨུ་རུ་སུ་དང་དབྱིན་ཇི་ཡིན་ནའང་ཁོང་ཚོས་ཁས་ལེན་བྱེད་ཀྱི་ཡོད། རྒྱ་ནག་ལ་མི་འདྲ་བ་གང་ཡོད་ཅེ་ན་ཁོང་ཚོར་མི་སེར་སྤེལ་གྱི་ལམ་ལུགས་ཡོད་ནའང་ཁས་ལེན་བྱེད་ཀྱི་མེད། ཅེས་གསུངས་འདུག སྐབས་དེར་རྒྱ་ནག་གཞུང་གི་སྐུ་ཚབ་པ་དེས་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་བཏོན་ཡོད། དེར་བརྟེན་བདེན་པ་ང་ཚོར་ཡོད་སྟབས་བདེན་པའི་མཐའ་སེལ་ཡིན་པ་ཧ་ཅང་གསལ་པོ་རེད། མཐའ་དོན་ཞུ་རྒྱུར་བོད་ནང་རང་ལུས་མེར་སྲེག་གཏོང་གནང་མཁན་ ༡༠༩ ཆགས་ཡོད་སྟབས། ཕྱོགས་གཅིག་ནས་ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་བློ་ཕམ་པའི་གནས་ཚུལ་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་བོད་ཕྱི་ནང་གཉིས་ནང་ཡོད་པའི་བོད་མི་ཚོ་འདས་པའི་ལོ་རྒྱུས་ནང་རྡོག་རྩ་ཆིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་ཀྱི་རྣམ་པ་ཤུགས་ཆེ་ཐོན་ཡོད། དེའི་ནང་ནས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དད་གུས་ཞུ་གི་ཡོད་པ་སྨོས་མེད་རེད།
དེར་བརྟེན་ང་ཚོ་ཚང་མས་བོད་ནང་གི་བོད་མི་ཚོས་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་ཞུ་དང་རང་དབང་བསྐྱར་གསོ་བྱ་རྒྱུ་དེ་རེད། ང་ཚོ་ཚང་མས་རྡོ་རྩ་ཆིག་ཏུ་བསྒྲིལ་ཏེ་བོད་ནང་གི་བོད་མི་ཚོས་མངོན་འདོད་སྒྲུབ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད། །