༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༧ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྟངས་འཛིན་འོག་ཡོད་པའི་གངས་ལྗོངས་དཔེ་སྐྲུན་ཁང་ལ་ཐེ་ཝན་རྒྱལ་གཉེར་དཔེ་མཛོད་ཁང་གིས་ལས་དོན་ལེགས་གྲས་ཀྱི་གཟེངས་རྟགས་བྱ་དགའ་ཐོབ་ཡོད། ཐེ་ཝན་ནང་དེབ་སྐྱེལ་ཡོད་པའི་དཔེ་སྐྲུན་ཁང་ཁག་གིས་པར་སྐྲུན་བྱས་པའི་དེབ་རིགས་ཚང་མ་ཐེ་ཝན་རྒྱལ་གཉེར་དཔེ་མཛོད་ཁང་ལ་པར་སྐྲུན་བྱས་ཆོག་པའི་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་པར་སྐྲུན་ཞུས་པའི་དེབ་རེ་རྒྱལ་གཉེར་དཔེ་མཛོད་ཁང་ལ་གཏོང་དགོས་ཤིང་། རྒྱལ་གཉེར་དཔེ་མཛོད་ཁང་ནས་ཐེངས་དང་པོར་རིག་གཞུང་སྲུང་སྐྱོབ་དང་། དཔེ་དེབ་ཀློག་པ་པོར་སྐུལ་འདེབས་ཀྱི་ལེགས་སྐྱེས་གནང་མཁན་དཔེ་སྐྲུན་ཁང་གྲངས་ལྔ་སྟོང་ཙམ་ཡོད་ཁོངས་ནས་དཔེ་སྐྲུན་ཁང་གྲངས་ ༡༨༥ ལ་ལས་དོན་ལེགས་གྲས་ཀྱི་གཟེངས་རྟགས་བྱ་དགའ་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༦ ཉིན་རྒྱལ་གཉེར་དཔེ་མཛོད་ཁང་དུ་གནང་བར་མཛད་སྒོའི་ཐོག་རྒྱལ་གཉེར་དཔེ་མཛོད་ཁང་གི་འགན་འཛིན་གྱིས་གཟེངས་རྟགས་བྱ་དགའ་གནང་རྒྱུའི་དགོས་དམིགས་ངོ་སྤྲོད་དང་། གཞན་ཡང་ཐེ་ཝན་ཤེས་རིག་ལས་ཁུངས་ཀྱི་དཔོན་རིགས་སོགས་སྐུ་མགྲོན་ཁག་གིས་གསུང་བཤད་གནང་གྲུབ་མཚམས་ཇ་སྟོན་དང་རོལ་དབྱངས་འཁྲབ་སྟོན་སོགས་གོ་སྒྲིག་གནང་ཡོད།
གངས་ལྗོངས་དཔེ་སྐྲུན་ཁང་ནི་ཕྱི་ལོ་ ༢༠༡༠ ལོའི་ནང་དེབ་སྐྱེལ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། གཙོ་བོ་རྒྱ་ཡིག་ཐོག་མེད་པའི་བོད་དང་འབྲེལ་བའི་དེབ་རིགས་ཁག་པར་སྐྲུན་ཞུ་བཞིན་ཡོད་པ་མ་ཟད། ལས་དོན་ཕལ་ཆེ་བ་དོན་ཁང་གི་ལས་བྱེད་དང་། དྭངས་བླངས་ཞབས་ཞུ་བ་ཁག་གཅིག་གིས་མཉམ་རུབ་ཐོག་ད་བར་གཤམ་གསལ་དེབ་རིགས་ཁག་པར་སྐྲུན་ཟིན་པ་ཐེ་ཝན་དང་ཧོང་ཀོང་གི་དཔེ་ཚོང་ཁང་ཁག་ནས་འགྲེམས་སྤེལ་བྱེད་བཞིན་ཡོད།
༡༽ མདོ་སྨད་དོལ་རྒྱལ་ཞིབ་འཇུག་ཚོགས་ཆུང་ནས་རྩོམ་སྒྲིག་གནང་བའི་དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང་།
༢༽ ཐེ་ཝན་གྱི་དགེ་རྒན་ལུའུ་ཧུད་ཅོན་ལགས་ཀྱིས་བྲིས་པའི་བཙན་བྱོལ་བོད་ཀྱི་ཤེས་ཡོན་གླེང་བ།
༣༽ རྒྱལ་སྤྱིའི་ཁྲིམས་མཐུན་མཁས་པས་རྩོམ་བྲིས་གནང་བའི་བོད་ཀྱི་གནས་བབ།
༤༽ ནགས་ཚང་ནུས་བློས་རྩོམ་སྒྲིག་བྱས་པའི་རང་གི་མེ་ཚེའི་ལོ་རྒྱུས་ནགས་ཚང་ཞི་ལུའི་སྐྱིད་སྡུག
༥༽ ཐེ་ཝན་སྐུ་ཚབ་དོན་ཁང་ནས་ཕྱོགས་སྒྲིག་བྱས་པའི་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་འགྲེམས་སྟོན་པར་རིགས་བརྙན་དེབ།
༦༽ ཉི་ཧོང་གི་རྩོམ་པ་པོ་སྐུ་ཞབས་ཤིང་ཁྲའེ་ཡིས་རྩོམ་བྲིས་གནང་བ་རི་མོའི་བརྙན་དེབ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྣམ།
༧༽ བོད་ནང་གནས་བཞུགས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རྩོམ་བྲིས་གནང་བའི་རྩོད་གྲུབ་རིག་པའི་རྣམ་གཞག་སྐོར་གྱི་དེབ་བཞི་པ།
༨༽ ཟླ་བ་ཚེ་རིང་ལགས་ཀྱིས་རྩོམ་བྲིས་གནང་ཞིང་ནང་དོན་གཙོ་བོ་བོད་ནང་ལོ་རབས་ལྔ་བཅུར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྐོར་འབྲེལ་ཡོད་མི་སྣར་བཅར་འདྲི་གནང་བ་སོགས་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་གི་དེབ་ཟུངས་ཁྲག་གི་མཆོད་པ་ཞེས་པ།
༩༽ རྒྱ་མི་རིགས་ཀྲུའུ་རུས་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་བསྐྱོད་ནས་བོད་མི་དང་མཉམ་དུ་འཚོ་བ་བསྐྱལ་ཞིང་། བོད་མིའི་འཚོ་བ་དངོས་ནང་མཉམ་ཞུགས་གནང་ནས་བོད་མིའི་གནས་སྟངས་ཀྱི་སྐོར་ཕྱི་རོལ་དུ་གནས་པའི་བོད་ཅེས་པ།
༡༠༽ བོད་མི་བསམ་ཡོད་ཅན་གྱིས་རྒྱ་གཞུང་ལ་བཏང་བའི་སྤྲིངས་ཡིག་ཕྱོགས་སྒྲིག་ཅེས་པ་བཅས་པར་བསྐྲུན་ཟིན་པ་དང་། ལོ་འདིའི་ནང་མུ་མཐུད་དེབ་གྲངས་བཞི་པར་སྐྲུན་ཞུ་རྒྱུའི་འཆར་གཞི་ཡོད་འདུག་པ་བཅས། །