༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ (Paris) ནང་ཉིན་གཉིས་ཀྱི་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་གྲུབ་བསྟུན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ཉིན་ཁུལ་དེ་ནས་ཧོ་ལེན་ཌིའི་རྒྱལ་ས་ཨེམ་སི་ཊར་ཌམ་ (Amsterdam) ཕྱོགས་སུ་ཕེབས་འབྱོར་བྱུང་འདུག
དེ་ཡང་རིན་པོ་ཆེ་མཆོག་གིས་རྒྱལ་ས་པེ་རི་སིའི་ནང་ཉིན་གཉིས་ཀྱི་ལས་འགུལ་སྤེལ་སྐབས་ཡུལ་དེའི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ཏུ་དེང་སྐབས་ཛ་དྲག་གི་གནས་སྟངས་འོག་བོད་མི་གྲངས་ ༡༠༧ ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པ་རྣམས་གསལ་བཤད་གནང་བ་མ་ཟད། འཛམ་གླིང་གཞུང་མང་གཉིས་ནས་ཛ་དྲག་གི་གནས་སྟངས་འོག་གནས་པའི་བོད་མི་ཚོར་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་བ་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས་འདུག སྐབས་དེར་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་པེ་ཊེ་རིག་གི་ལེ་སི་ (Mr. Jean Patrick Gilles)མཆོག་དང། ནོལ་མ་མེ་རེ་ (Mr. Noel Mamere) མཆོག་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་སྔར་མུས་བཞིན་རྒྱུན་འཁྱོངས་ཞུ་རྒྱུའི་ཁས་ལེན་གནང་བ་མ་ཟད། རྒྱབ་སྐྱོར་ཚོགས་པས་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཕ་རན་ཀོ་ཡི་སི་ཧོ་ལན་ཌི་ (Francois Hollande) མཆོག་རིང་མིན་རྒྱ་ནག་ཏུ་ཕྱོགས་ཕེབས་སྐབས་རྒྱ་ནག་སྲིད་འཛིན་ལ་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།
ཕྱོགས་མཚུངས་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལེན་ཨང་ཛེ་ནི་ (Mr. Allain Anziani) མཆོག་དང་ལྕམ་སྐུ་སོ་ཕི་ཡ་པི་ར་སི་ (Mme. Sophie Piras) མཆོག་གིས་རིན་པོ་ཆེ་མཆོག་གྲོས་ཚོགས་གོང་མའི་ནང་གདན་ཞུས་གནང་སྟེ། ཁོང་རྣམ་གཉིས་ཀྱིས་རིན་པོ་ཆེ་མཆོག་ལ་གྲོས་ཚོགས་ནང་ཕྱག་ལས་གནང་ཕྱོགས་སྐོར་གསལ་བཤད་ཞུས་པ་མ་ཟད། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང། མང་ཚོགས་ལ་བོད་དོན་ཆེད་རྒྱབ་སྐྱོར་གྱི་འབོད་སྐུལ་ཇི་ལྟར་ཞུ་རྒྱུའི་ལས་རིམ་འཆར་གཞི་སྒྲིག་ཡོད་པ་རྣམས་གསལ་བཤད་ཞུས་ཡོད་པ་བཅས།།