༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་སུ་ཆགས་པའི་ཆ་ཏི་སི་སྒར་(Chattisgarh) མངའ་སྡེའི་རྒྱལ་ས་ར་ཡེ་པུར་དུ་རྟེན་གཞི་བྱས་པའི་ཁུ་ཤ་བྷའུ་ཐཀ་རེའི་གསར་འགྱུར་ལས་རིགས་དང་འབྲེལ་བའི་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་གྱི་ (Kushabhau Thackeray University of Journalism and Mass Communication) དགའ་སྟོན་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གྲྭ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་དོན།
རྒྱ་གར་ནི་སྲོལ་རྒྱུན་རིག་གནས་ཀྱི་ཕྱུག་པའི་ཡུལ་ཞིག་ཡིན། སྤྱིར་བཏང་དེང་རབས་ཤེས་ཡོན་གལ་ཆེ་ནའང་སྲོལ་རྒྱུན་རིག་གནས་ཐོག་ཧ་ཅང་ཕྱུག་པོ་ཡོད་པ་རྣམས་ངེས་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་དེ་དག་ང་ཚོའི་ཉིན་རེའི་མི་ཚེ་དང་འབྲེལ་བ་ཆེན་པོ་ཡོད། རྒྱ་གར་ལ་ལྟ་གྲུབ་ཕྱུག་པོ་ཡོད་པར་བརྟེན་རྒྱལ་ཁབ་རླབས་ཆེན་ཞིག་ཆགས་ཡོད། རྒྱ་གར་ནང་ཇེན་དང། སིཀ། ནང་པ། ཨི་ཤུ། ཁ་ཆེ་ལ་སོགས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཐུབ་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་སོ་སོའི་ཆོས་དང་རིག་གཞུང་གི་རིན་ཐང་ནས་ནུས་སྟོབས་འཕེལ་རྒྱུའི་བསླབ་བྱ་ལེན་རྒྱུ་ཡོད་པ་མ་ཟད། ང་ཚོས་རྒྱ་གར་ང་ཚོའི་དགེ་རྒན་དུ་ངོས་འཛིན་ཞུ་གི་ཡོད། རྒྱ་གར་ལ་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པའི་རྐྱེན་གྱིས་ང་ཚོ་རྒྱ་གར་གྱི་རྗེས་འབྲང་པ་ཆགས་ཡོད།
ངོས་ཀྱིས་རྒྱ་གར་རྒྱལ་ཁབ་འདིར་བརྩེ་བ་དང་། གུས་བརྩི། དེ་བཞིན་བསྔགས་བརྗོད་ཞུ་གི་ཡོད། ངོས་རང་དེ་རིང་སྔ་དྲོ་སྟོན་པ་བཅོམ་ལྡན་འདས་དང། ཇེན། ཤིཝ་དང་ཝེ་ཤི་ནཝ་བཅས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པའི་ས་གནས་སིར་པུའི་གྲོང་གསེབ་ནང་བསྐྱོད་སྐབས་ཞི་བདེ་ལྡན་པ་དང་བྱིན་གྱི་རླབས་པའི་ཚོར་སྣང་ཆེན་པོ་བྱུང། མ་འོངས་པར་སིར་པུར་ས་གནས་སུ་ཡོང་རྒྱུའི་གོ་སྐབས་བྱུང་ཚེ་ས་གནས་འདིར་བསྡད་དེ་སྒོམ་སྒྲུབ་ཉམས་ལེན་བྱ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་ནས་ཆ་ཏི་སི་སྒར་མངའ་སྡེའི་བློན་ཆེན་རཱ་མན་སིངྒ་ (Dr.Raman Singh) མཆོག་གིས་གསུང་བཤད་གནང་དོན། འཛམ་གླིང་ནང་ཞི་བདེ་ཁྱབ་སྤེལ་མཛད་མཁན་༸གོང་ས་ཏཱ་ལའི་བླ་མ་ལྟ་བུ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུ་ཐུབ་པར་ཆ་ཏི་སི་སྒར་མངའ་སྡེ་སྤྱི་དང། ལྷག་པར་གཙུག་ལག་སློབ་གཉེར་ཁང་འདིའི་སློབ་མ་རྣམས་ནས་དགའ་ཚོར་སྐྱེས་དགོས་པ་ཞིག་རེད། མངའ་སྡེ་འདིའི་མི་མང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཆིབས་སྒྱུར་འདིར་ལོ་རྒྱུས་ལྡན་པའི་མཛད་སྒོར་དྲན་གསོ་ཞུ་རྒྱུ་ཡིན། སིར་པུར་ཡུལ་ལྗོངས་ཀྱིས་སྐུ་ཉིད་མཆོག་གི་ཐུགས་ཡིད་ཧ་ཅང་འཕྲོག་པར་བརྟེན། ཐེངས་རྗེས་མའི་ཆིབས་སྒྱུར་སྐབས་ས་གནས་འདིར་སྒོམ་སྒྲུབ་མཛད་རྒྱུའི་ཞལ་བཞེས་མཛད་པར་ཆ་ཏི་སི་སྒར་མངའ་སྡེ་ནས་དགའ་བསུ་ཞུ་རྒྱུ་ཡིན། ཞེས་གསུངས།
ཐེངས་འདིའི་ཆིབས་སྒྱུར་དང་བསྟུན། ༸གོང་ས་མཆོག་གིས་ཆ་ཏི་སི་སྒར་མངའ་སྡེའི་ནང་ཡོད་མེན་སྤར་དང་མ་ཧཱ་ར་ཤི་ཊའི་ནང་ཡོད་པའི་བྷན་རྡ་ར་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་རྣམས་ལ་མཇལ་ཁ་ཡང་སྩལ་ཡོད་པ་བཅས།།