༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་(Tumkur University) ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྦེང་ལོར་ནས་རྒྱང་ཐག་ཀི་ལོར་མི་ཊར་ ༧༠ སར་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་ (Contemporary Human Sufferings Wisdom of Bhagwan Buddha) ༼དེང་སྐབས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཇི་ལྟར་ལེན་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཁྱུག་ཙམ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཐོག་མར་ངོས་ཀྱིས་འདི་གའི་དགེ་ལས་སློབ་ཕྲུག་རྣམས་ལ་འཚམས་འདྲི་ཡོད། སྤྱིར་བཏང་འཛམ་གླིང་འདིའི་ནང་གནས་པའི་སྐྱེ་འགྲོ་ཡོངས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། དེ་བཞིན་འགྲོ་བ་མིར་མི་འཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་རྒྱུའི་ཐབས་ལམ་འཚོལ་རྒྱུ་དང་སྡུག་བསྔལ་ཉུང་དུ་གཏོང་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ཀླད་པ་དང་ཤེས་ཡོན་ཞིག་ཡོད། འོན་ཀྱང་མཚམས་རེ་དེ་ལྟ་བུའི་རྣམ་དཔྱོད་དང་ཤེས་ཡོན་བེད་སྤྱོད་ལོག་པར་བཏང་བར་བརྟེན། སྤྱི་ཚོགས་ནང་གནོད་ཚབས་ཆེན་པོ་བཟོས་པ་ཡང་ཡོང་གི་ཡོད། དུས་རབས་ཉི་ཤུ་པ་དེ་ནི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་ཏེ་མི་གྲངས་ས་ཡ་ཉིས་བརྒྱ་བརྒལ་བའི་ཚེ་སྲོག་ཤོར་ཡོད། དེང་སྐབས་ཀྱང་ང་ཚོས་ཕྱི་དངོས་པོའི་དཔལ་འབྱོར་ལ་དོ་སྣང་ཧ་ཅང་སྤྲོད་བཞིན་ཡོད་པ་ལས་འགྲོ་བ་མིའི་ནང་སེམས་ཀྱི་བཟང་པོའི་རིན་ཐང་ལ་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད། དཔེར་ན། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱིས་མཚོན་འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཤོར་ཡོད། དེར་བརྟེན་ང་ཚོས་མིའི་སྤྱི་ཚོགས་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཉུང་དུ་གཏོང་ཐབས་དང་འདྲ་མཉམ་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། ལྐོག་ཟ་རུལ་སུངས་ནི་སྤྱི་ཚོགས་ནང་སྐྲན་ནད་ལྟ་བུ་ཆགས་ཡོད། དཔེར་ན། དེང་སྐབས་ཆོས་བྱེད་མི་སྣའི་ནང་དུའང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཡོང་གི་ཡོད། དེ་དག་ནི་མིའི་བཟང་སྤྱོད་ཀྱིས་མ་འདང་བའི་དབང་ལས་བྱུང་བ་ཞིག་རེད། དེར་བརྟེན་ང་ཚོས་མ་འདང་བའི་ཆ་དེ་དག་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ང་ཚོས་འཇིག་རྟེན་སྤྱི་ཡོངས་ལ་འགན་ཁུར་གྱི་བསམ་བློའི་ཐོག་ནས་སློབ་སྦྱོང་བྱེད་དགོས། རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་འདིའི་ནང་སྤྱི་ཚོགས་ཀྱི་དཔལ་ཡོན་ཧ་ཅང་ཕྱུག་པའི་རྒྱལ་ཁབ་འགའ་ཤས་ཤིག་ཡོད་ཁོངས་ཀྱི་གྲས་ནས་གཅིག་ཆགས་ཡོད། ངོས་ཀྱིས་རྒྱུན་དུ་རྒྱ་གར་གྱི་ལུང་པ་འདི་ནི་འཛམ་གླིང་གི་ཆོས་ལུགས་འདྲ་མིན་འཆམ་མཐུན་ཐོག་མཉམ་གནས་ཐུབ་པའི་མིག་དཔེ་བཟང་པོ་ཞིག་རྩི་བཞིན་ཡོད། འོན་ཀྱང་དེང་སྐབས་རྒྱ་གར་གྱི་འཚེ་བ་མེད་པ་དང་ཞི་བའི་ལྟ་གྲུབ་བཟང་པོ་དེ་ཕྲན་བུ་ཉམས་ཆག་འགྲོ་གི་ཡོད་པའི་ཚོར་སྣང་ཡོང་བཞིན་འདུག སློབ་གཉེར་ཁང་འདིས་གཙོས་སློབ་གཉེར་ཁང་གཞན་ནང་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་འབྲེལ་བའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། དེ་ལྟ་བུའི་ལྟ་གྲུབ་རྒྱུན་འཛིན་བྱེད་མཁན་ང་ཚོ་བོད་པའི་ངོས་ནས་རྒྱ་གར་ལ་ཞབས་འདེགས་སྒྲུབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ད་རེས་སློབ་གཉེར་ཁང་འདི་ནས་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་བྱས་པ་དང་ཆབས་ཅིག་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་འཛམ་གླིང་འདིའི་ནང་བོད་པས་བདག་གཅེས་དང་རྒྱུན་འཛིན་བྱས་དང་བྱེད་མུས་ཡིན་པ་དེར་དོ་སྣང་གནང་སྟེ་སེར་བྱེས་གྲྭ་ཚང་དང་མཉམ་ལས་ཐོག་ཤེས་ཡོན་གྱི་ལས་གཞི་འགོ་འཛུགས་གནང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་ལ་རྗེས་སུ་ཡི་རང་ཡོད། ངོས་ཀྱིས་ལོ་ངོ་སུམ་ཅུ་བཞི་བཅུའི་གོང་ནས་བོད་ཀྱི་ནང་ཆོས་ཀྱི་བསྟི་གནས་ཁང་ཁག་དང་དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་དབར་ཤེས་ཡོན་བརྗེ་ལེན་བྱ་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། དེ་བཞིན་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེ་ཁ་ནས་ཚིག་སྙན་པོ་བརྗོད་པ་དང་མཛད་སྒོ་ཚོགས་པ་ཙམ་མིན་པར་དོན་དངོས་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་ནས་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་ནས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་གི་བྱམས་བརྩེའི་ཕྱག་ཟུང་བརྒྱུད་ནས་རྒྱ་གར་གྱི་ཚན་རིག་མཁས་དབང་གཉིས་ལ་དམིགས་བསལ་ཆེ་བསྟོད་གཟེངས་རྟགས་དང་། དེ་བཞིན་སློབ་གཉེར་ཁང་འདིའི་བྱས་པ་ཅན་གྱི་མི་སྣ་ཁག་གཅིག་ལ་ཡང་གཟེངས་བསྟོད་སྩལ་ཡོད། ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་མགོན་པོ་གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་སློབ་གཉེར་ཁང་དེ་ནས་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །