༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏ་ཇི་མ་ཧཱ་གསོལ་མགྲོན་ཁང་དུ་སློབ་ཕྲུག་ཁག་གཅིག་ལ་ལོ་ངོ་ཆིག་སྟོང་གོང་གི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་གོམས་གཤིས་གལ་ཆེན་པོ་ཡིན་པར་བརྟེན། སྙིང་རྗེས་ཀུན་ནས་བླངས་ཏེ་གཞན་གྱི་བདེ་དོན་ཆེད་ལས་ཀ་བྱེད་རྒྱུ་དེ་ནི་འཚེ་མེད་ཞི་བ་དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ལྷག་པར་༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན།
ལོ་ངོ་ ༥༠༠༠ ཡས་མས་གོང་མི་ཚོས་རང་བྱུང་ཁོར་ཡུག་གི་འབྱུང་བ་འཁྲུག་པའི་འཇིག་པ་སོགས་ལས་སྐྱོབ་ཆེད་ཆོས་ལ་དོ་སྣང་བྱས་འགོ་བཙུགས་ཡོད། རང་ལས་ནུས་པ་ཆེ་བ་ཞིག་གིས་རང་ཉིད་སྐྱོབ་ཐུབ་བསམ་པའི་བསམ་བློ་དེ་འགྲོ་བ་མི་ལ་མ་གཏོགས་གཞན་སུ་ཞིག་ལའང་མེད། རིམ་བཞིན་ཉི་མ་དང་ཟླ་བ། མེ་ལ་སོགས་པར་དད་པ་བྱས་པ་བརྒྱུད་དཀོན་མཆོག་གིས་འཇིག་རྟེན་བཀོད་པར་ངོས་འཛིན་བྱེད་འགོ་ཚུགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་བྱམས་བརྩེའི་ནུས་པ་མཐའ་ཡས་པ་ལྡན་ཞིང། རང་གཅེས་འཛིན་གྱི་བསམ་པ་ནི་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་ལས་ལྡོག་པ་ཞིག་ཡིན།
དེར་བརྟེན་རང་ཉིད་འཇིག་རྟེན་བཀོད་པ་པོ་དང་ཇི་ཙམ་སེམས་ཐག་ཉེ་བ་དེའི་ཚོད་ཀྱིས་རང་གཅེས་འཛིན་གྱི་བསམ་བློ་ཆུང་དུ་འགྲོ་ངེས་ཡིན། ནུ་ཞོར་རྟེན་ནས་འཚོ་དགོས་པའི་སྲོག་ཆགས་དེ་དག་ཆུང་དུས་མའི་བྱམས་སྐྱོང་ལ་རྟེན་ནས་འཚོ་དགོས། དེ་ནི་ཆོས་ལུགས་ནས་གསུངས་པ་ཞིག་མིན་པར། ལུས་པོའི་འཚར་ལོངས་སྐབས་ལྷན་སྐྱེས་སུ་གྲུབ་པ་ཞིག་ཡིན། དེ་ནས་དུས་ཚོད་རིམ་སོང་གིས་གཞན་ཕན་གྱི་བསླབ་བྱ་དེ་ཆོས་ལུགས་ཚང་མས་ངོས་འཛིན་གནང་ཡོད། རྒྱ་གར་གནའ་རབས་ཀྱི་ཆོས་ལུགས་ཁོངས་གྲངས་ཅན་པ་དང། གཅེར་བུ་བ། ནང་པ་སོགས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། རང་ལ་བདེ་སྡུག་གི་ཚོར་བ་དེ་ལས་འབྲས་ཀྱི་རྣམ་གཞག་ལ་རྟེན་ནས་ཡོང་བཞིན་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། གཞན་ལ་གནོད་པས་སྡིག་པའི་ལས་དང་ཕན་པས་དགེ་བའི་ལས་ཡིན་པར་ངོས་འཛིན་བཞིན་ཡོད། ང་ཚོའི་ལས་བཟང་ངན་ལ་བརྟེན་ནས་འབྲས་བུ་བཟང་ངན་མྱོང་བཞིན་ཡོད།
དེར་བརྟེན་རབ་བྱུང་ན་གཞན་ལ་ཕན་པ་བསྒྲུབ་དགོས། དེ་ལྟར་མ་བྱུང་ནའང། མ་མཐར་གཞན་ལ་གནོད་པ་བྱེད་རྒྱུ་མེད། ངོས་ཀྱིས་བརྗོད་རྒྱུ་གཙོ་བོ་ནི་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ནི་ལྟ་གྲུབ་ཡོད་མཁན་གྱི་ཆོས་ལུགས་ཆེ་ཁག་ཚང་མའི་ནང་ཡོད། ཆོས་ལུགས་དེ་དག་གི་རྗེས་འབྲང་པ་ཚོས་གཞན་ཕན་གྱི་ལས་ཀ་ཧ་ཅང་ཤུགས་ཆེན་པོ་བྱས་དང་བྱེད་མུས་ཡིན། ཁྱེད་རང་ཚོ་དུས་རབས་ ༢༡ ནང་གཏོགས་པའི་མི་རབས་གསར་པ་ཚོར། ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་དེ་རིག་གཞུང་རྙིང་པ་ཞིག་ཡིན་པའི་རྒྱུ་མཚན་བྱས་ནས་གལ་ཆེན་པོར་ངོས་འཛིན་བྱོས། ཞེས་ངོས་ཀྱིས་ནམ་ཡང་བརྗོད་ཀྱི་མེད། སྲོལ་རྒྱུན་དེ་རྙིང་པ་ཡིན་པའི་རྒྱུ་མཚན་དུ་བྱས་ནས་གཅེས་སྐྱོང་དགོས་དོན་མེད། རྒྱ་གར་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཐུབ་པར་བརྟེན། འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད། འདི་ལྟ་བུའི་ཆོས་ལུགས་རིས་མེད་ཀྱི་བསམ་བློ་དེ་དངོས་སུ་ལག་བསྟར་བྱ་རྒྱུ་ནི་དཔེ་མཚོན་རིན་ཐང་བྲལ་བ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།
ཕྱེད་ཡོལ་༸གོང་ས་མཆོག་གིས་ནང་ཆོས་དོན་གཉེར་བ་ཁག་གཅིག་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན་༽ གྱི་ཆོས་འབྲེལ་མཇུག་བསྒྲིལ་དང་། ཕྱི་ཚེས་ ༢༤ ཉིན་སྨན་བླའིི་བཀའ་དབང་སྩལ་ཏེ་ཆོས་འབྲེལ་མཇུག་སྒྲིལ་མཛད་དེ་རྒྱ་གར་བྱང་ཤར་སྒང་ཏོག་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རང་ཝང་ལ་བོད་མིའི་གཞིས་ཆགས་ཡོད་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།