༢༠༡༣ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཉིན་གཉིས་རིང་ཚོགས་པའི་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་ཟབ་སྦྱོང་མཇུག་སྒྲིལ་གནང་ཡོད།
ཟབ་སྦྱོང་འདི་བཞིན་ (Norwegian Church Aid (NCA) ཞེས་པའི་རོགས་ཚོགས་ནས་དཔལ་འབྱོར་གྱི་རོགས་སྐྱོར་འོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ (SARD) གོ་སྒྲིག་ཐོག་ར་ཝང་ལ་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་ ༦༠ ཙམ་ནས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་བོད་མི་མང་སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོའི་གནས་སྟངས། དེ་བཞིན་སྤྱི་ཚོགས་དང་ཆབ་སྲིད་ཐོག་བུད་མེད་ཀྱི་འགོ་ཁྲིད་ལས་འགན་ཇི་ལྟར་འཁྱེར་དགོས་མིན།༽སོགས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད། དེ་བཞིན་སྔ་ལོ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་མེའོ་ཆོས་འཕེལ་གླིང་དང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་གཞིས་མིར་ཟབ་སྦྱོང་དེ་འདྲ་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་བོད་མི་མང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་ཟབ་ཁྲིད་གནང་ཡོད། ཕྱོགས་མཚུངས་ལྡི་ལི་བོད་སྒར་བསམ་ཡང་གླིང་དང་ལ་དྭགས་བསོད་ནམས་གླིང་བཅས་སུའང་གོ་སྒྲིག་ཞུས་འདུག་པ་བཅས།།