༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༥ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ས་གནས་མི་མང་ཚོགས་ཁང་དུ་ས་གནས་འགོ་འཛིན་ལས་ཁུངས་དང་བསུ་ན་མདའ་གཏན་སློབ་གཉིས་ཟུང་འབྲེལ་ཐོག་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་དམ་པ་མཆོག་གི་འཁྲུངས་ཚེས་དང་ཕ་མའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་མཛད་སྒོར་ས་གནས་འགོ་འཛིན་དང། གཏན་སློབ་ཀྱི་སློབ་སྤྱི། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། གཞིས་མཉམ་གཉིས་ཀྱི་ལས་བྱེད། སློབ་གྲྭའི་དགེ་ལས་སློབ་ཕྲུག མི་མང་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་གནང་ཡོད། མཛད་སྒོའི་གཙོ་སྐྱོང་བ་བོད་དགེ་ཚེ་རིང་དབང་འདུས་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་ཤེས་རིག་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང། དེ་རྗེས་གཏན་སློབ་ཀྱི་སློབ་སྤྱི་དང། ཆོས་དགེ ས་གནས་འགོ་འཛིན་བཅས་ཀྱིས་རིམ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང། ས་གནས་ཕ་མའི་ཚོགས་ཆུང་ནས་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང། དགེ་ལས་སློབ་ཕྲུག ཕ་མ་བཅས་ལ་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད་པ་བཅས།།