༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ ནས་ ༡༣ བར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཨོ་སི་ཊོ་ལི་ཡ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༦ ཉིན་བཀའ་བློན་མཆོག་བྷི་རི་སི་བྷེན་ (Brisbane) གནམ་ཐང་དུ་ཕེབས་འབྱོར་སྐབས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་དང་ཁུན་སི་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས་རྣམ་གཉིས་ནས་ཕེབས་བསུ་ཞུས་ཏེ་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་སྤྱན་རས་གཟིགས་ཆོས་ཚོགས་སུ་ཕེབས་རྗེས་ཁུན་སི་ལེན་ཌིར་གནས་སྡོད་བོད་རིགས་རྣམས་ཐུག་འཕྲད་གནང་འདུག
ཕྱི་ཚེས་ ༧ ཉིན་བྷི་རི་སི་བྷེན་ནས་མཁའ་ལམ་བརྒྱུད་མེལ་བྷོན་ (Melbourne) ནང་རྟེན་གཞི་བྱས་པའི་སྒྲོལ་དཀར་ནང་པའི་ཆོས་ཚོགས་དང་། ཕྱི་ཚེས་ ༩ ཉིན་བཀའ་བརྒྱུད་ཨེ་ཝམ་ནང་པའི་ཆོས་ཚོགས་སུ་ཕེབས་རྒྱུ་ཡིན་འདུག དེ་བཞིན་ཝིཀ་ཊོ་རི་ཡ་ཁུལ་དུ་གནས་སྡོད་བོད་རིགས་རྣམས་དང་ལྷན་ཐུག་འཕྲད་གནང་གྲུབ་མཚམས་བྷི་རིཀ་ཊོན་དུ་ཡོད་པའི་སྒྲོལ་དཀར་ཆོས་ཚོགས་སུ་ཕེབས་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་མེལ་བྷོན་ནས་མཁའ་ལམ་བརྒྱུ་དཀེན་བྷེ་ར༌(Canberra)གནམ་ཐང་དུ་ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལགས་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་རྗེས་སྐུ་ཚབ་དོན་ཁང་དུ་ཕེབས་རྒྱུ་མ་ཟད། དེ་ཉིན་བོད་ཀྱི་ནང་པའི་ཆོས་ཚོགས་སུ་ཕེབས་ཏེ་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་སུ་ཕེབས་ཏེ་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁ་ཌེན་བྷེ་ (Michael Danby) མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་དང། དེ་བཞིན་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་། བདེ་འཇགས། ཚོང་དོན་བཅས་ཀྱི་དམིགས་བསལ་རྒྱུན་ལས་ཚན་པའི་ (Special joint standing committee for Foreign Affairs,defence& trade) སར་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་ཐོག་དམ་བསྒྲགས་ཇི་བྱས་སྐོར་སྙན་གསེང་ཞུ་རྒྱུ་ཡིན་འདུག དེ་ནས་ཀེན་བྷེ་ར་ནས་སི་ཌི་ནིར་ཕེབས་འབྱོར་གྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༣ ཉིན་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གི་སྐུ་ཞབས་པོལ་བྷོར་ཀི་ལགས་དང་ལྷན་མཇལ་འཕྲད་གནང་རྗེས། རིག་པ་བསྟི་གནས་ཁང་དུ་ཕེབས་གྲུབ་བསྟུན་གསང་བསྔགས་རྡོ་རྗེ་ཐེག་པའི་ཆོས་ཚོགས་སུ་ཕེབས་རྗེས་བོད་རིགས་གསར་འགོད་པ་དང་ལྷན་ཐུག་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས།།