༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱིར་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་བོད་མིའི་རང་ལུས་མེར་སྲེག་ལས་འགུལ་ཐོན་སོའི་ས་གནས་ཁག་ནང་ཨོ་སི་ཊོ་ལི་ཡའི་ཕྱི་དྲིལ་དཔོན་རིགས་རྟོག་ཞིབ་ཆེད་འགྲོ་བསྐྱོད་འཇུག་དགོས་སྐོར་རྒྱ་ནག་གཞུང་ལ་གསུང་མུས་ལྟར། ཉེ་ཆར་ཨོ་སི་ཊོ་ཡའི་ཕྱི་དྲིལ་བློན་ཆེན་བྷཀ་ཁ་རཱ་མཆོག་གིས་གསུང་གསལ། བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་བཞིན་ཡོད། དེར་བརྟེན་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཨོ་སི་ཊོ་ལི་ཡའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་གཞུང་ཚབ་ཆེན་མོ་བས་ཁོང་རང་བོད་དུ་ལྟ་སྐོར་དུ་འགྲོ་བསྐྱོད་ཆོག་པའི་རྒྱ་ནག་གཞུང་ལ་རེ་སྐུལ་ལོ་གཅིག་ལྷག་ཙམ་རིང་ཞུས་ཡོད་ཀྱང་ད་བར་རྒྱ་ནག་གཞུང་ནས་ཁས་ལེན་བྱས་མེད། ཅེས་གསུངས་ཡོད།
དེ་བཞིན་ཨོ་སི་ཊོ་ལི་ཡའི་སི་ནི་སློབ་གྲྭ་ཆེན་མོའི་རྒྱ་ནག་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་ཁ་རི་བྷོན་རོན་ལགས་ཀྱིས་གསུང་གསལ། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་རང་ལུས་མེར་སྲེག་གི་གནས་ཚུལ་ཐོན་ཡུལ་བོད་ཀྱི་ས་གནས་ཁག་ནང་ཕྱི་རྒྱལ་གྱི་རྟོག་ཞིབ་པ་འགྲོ་བསྐྱོད་ལ་བཀག་འགོག་བྱས་པ་དེ་ནི་ཧ་ཅང་ཐབས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། སྤྱིར་བཏང་ཨོ་སི་ཊོ་ལི་ཡའི་ཕྱི་དྲིལ་མི་སྣ་ཞིག་ས་ཁུལ་དེ་དག་ནང་ལྟ་སྐོར་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་མི་སྲིད་པ་ཞིག་ཡིན། འོན་ཀྱང་དེང་སྐབས་དཀའ་ངལ་འཕྲད་བཞིན་ཡོད་པ་དེས་བོད་ནང་ཐོན་པའི་གནས་ཚུལ་དེ་དག་ཧ་ཅང་ཚོར་སྣང་ཆེ་བ་ཞིག་ཡིན་པ་མ་ཟད། དེའི་ཐོག་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་སེམས་འཁྲལ་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད། ཅེས་སོགས་གསུངས་འདུག་པ་བཅས། །