༢༠༡༣ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡ ཉིན་ཨེམ་ཧར་ས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐུན་མོང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་༡ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་བྱང་ཨ་རིའི་མེས་ཙུ་སེཌ་མངའ་སྡེའི་ནོར་ཐེམ་ཌ་ན་ས་གནས་སུ་ཨེམ་ཧར་སྜའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་ཅིང། མཛད་སྒོར་བྱང་ཨ་རི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་པ་སངས་ནོར་བུ་ལགས་ཀྱིས་ཤིས་བརྗོད་དང་ལྷན་མཛད་རིམ་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་ལྷན་སྣང་གསལ་ཞལ་འབྱེད་གནང་། དེ་བཞིན་ཆེད་འབོད་སྐུ་མགྲོན་རྣམ་པས་རིམ་བཞིན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་ཆབས་ཅིག་རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་ཐོག་ད་བར་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་བོད་ལུགས་ཀྱི་རྟེན་འབྲེལ་མཚོན་སླད་སྐུ་མགྲོན་སོགས་ལ་གསོལ་ཇ་འབྲས་སིལ་ཕུལ་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་།
ཐོག་མར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཆོས་ལྡན་ལགས་ཀྱིས་སྐུ་མགྲོན་རྣམས་ལ་དགའ་བསུའི་གསུང་བཤད་གནང་གྲུབ་མཚམས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་པའི་འདི་བཞིན་གསར་འཛུགས་ཇི་ལྟར་བྱུང་བའི་རྒྱབ་ལྗོངས་ལོ་རྒྱུས་དང་། ད་ལྟའི་ཆར་སྤྱི་སྒེར་གྱི་དཀའ་ངལ་ཇི་ཡོད། དེ་བཞིན་མ་འོངས་པར་ཚོགས་པས་གདོང་ལེན་གནང་ཕྱོགས་ཇི་ཡིན་སྐོར་མང་ཚོགས་ལ་ཞིབ་ཕྲ་གསལ་བཤད་གནང།
དེ་ནས་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་དོན། དེ་རིང་འདི་གར་མཛད་སྒོར་ཕེབས་པའི་ཚོགས་མི་ཡོངས་ལ་ཐོག་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཟླ་བ་ཚེ་རིང་ལགས་ཀྱིས་གོང་དུ་ཚོགས་པ་འདི་བཞིན་གསར་འཛུགས་ཇི་ལྟར་བྱུང་བའི་གནས་ཚུལ་གསལ་བཤད་གནང་བ་དེ་དག་མང་ཚོགས་ནས་གསལ་རྟོགས་བྱུང་བའི་ངོས་འཛིན་བྱེད་བཞིན་ཡོད། མ་འོངས་པར་ས་གནས་མི་དམངས་ནས་ཀྱང་རང་གི་འཕྲལ་སེལ་བསམ་བློའི་འཆར་སྒོ་ལྟར་སྣང་ཅན་དེ་དག་རིང་དུ་དོར་ཏེ་སྤྱི་པའི་ལས་དོན་ཐོག་མཉམ་རུབ་ཀྱི་ནུས་པ་གང་ཐུབ་སྤུངས་དགོས་རྒྱུ་གལ་ཆེན་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།
མཇུག་ཏུ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་དོན་གྲུབ་ལགས་ཀྱིས་སྐུ་མགྲོན་རྣམས་དང་ས་གནས་མི་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ་ཡོད་འདུག
ཨེམ་ཧར་སྜ་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)