༢༠༡༣ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཁོངས་སུ་(VOA)ཨ་རིའི་རླུང་འཕྲིན་ཁང་ཡང་འབྲེལ་བ་ཡོད་སྐོར་སྟོན་ཐབས་བྱས་ཡོད། ཨ་རིའི་རླུང་འཕྲིན་ཁང་ནས་གནད་དོན་དེ་དང་འབྲེལ་བ་གང་ཡང་མེད་པའི་འགྲེལ་བརྗོད་ནན་ཏན་གནང་སྟེ་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ནང་སྟོན་བཞིན་པའི་བརྙན་འཕྲིན་དེ་དག་འཕྲལ་མར་ཕྱིར་བསྡུ་བྱེད་དགོས་སྐོར་གསུངས་འདུག
དེ་ཡང་ཉེ་སྔོན་རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་དང་མི་སྐྱ་བློ་བཟང་ཚེ་རིང་གཉིས་ལ་བཙན་བྱོལ་བོད་མི་དང་ལག་སྦྲེལ་གྱིས་བོད་ནང་གི་བོད་མིར་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་བྱས་པའི་བརྙན་པར་ཞིག་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་འདོན་སྤེལ་བྱས་ཡོད། བརྙན་པར་དེའི་ནང་རང་ལུས་མེར་སྲེག་གཏོང་ཐབས་བྱས་ནས་དེང་སྐབས་རྒྱ་ནག་གཞུང་གི་སྨན་ཁང་ནང་ལུས་པའི་བོད་མི་ཁག་གཅིག་ལ་བཅར་འདྲི་བྱས་པའི་དུམ་བུ་གཅིག་བསྟན་ཡོད་པའི་ནང་བོད་མི་གཅིག་གིས་ཁོང་རང་ཨ་རིའི་རླུང་འཕྲིན་ཁང་ནས་བརྙན་འཕྲིན་ཐོག་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་དཔའ་བོར་ངོས་འཛིན་བྱས་པ་མཐོང་སྐབས། ཁོང་ནས་ཀྱང་རང་ལུས་མེར་སྲེག་བཏང་ཡོད་ཚུལ་བཀོད་ནས་ཨ་རིའི་རླུང་འཕྲིན་ཁང་ནས་བོད་མི་རང་ལུས་མེར་སྲེག་གཏོང་རྒྱུར་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀོད་སྒྲིག་འོག་ཨ་རིའི་རླུང་འཕྲིན་ཁང་ནས་བརྙན་འཕྲིན་བརྒྱུད་བོད་ནང་གི་བོད་མི་རྣམས་ལ་གསང་བརྡ་གཏོང་གི་ཡོད་པའི་ཉེས་འཛུགས་ཀྱང་བྱས་འདུག
འོན་ཀྱང་གནད་དོན་དེའི་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༦ ཉིན་ཨ་རིའི་རླུང་འཕྲིན་ཁང་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་དང་ཆབས་ཅིག་ཨ་རིའི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ (Ensor) ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་ཉེས་འཛུགས་དེ་ནི་གཞི་མེད་འཁྱོག་བཤད་ཁོ་ན་ཡིན། རང་ལུས་མེར་སྲེག་གི་གནད་དོན་ནི་བོད་ནང་གི་བོད་མི་རྣམས་ཧ་ཅང་དཀའ་སྡུག་མྱངས་དང་མྱོང་མུས་ཡིན་པའི་མཚོན་རྟགས་ཤིག་རེད། ཨ་རིའི་རླུང་འཕྲིན་ཁང་ནས་དངོས་ཡོད་གནད་དོན་གང་ཡིན་པ་བསྟན་པ་མ་གཏོགས་བརྒྱུད་སྐུལ་རྩ་བ་ནས་བྱེད་ཀྱི་མེད། ཅེས་གསུངས་འདུག
དེ་བཞིན་ཨ་རིའི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་བློ་བཟང་རྒྱ་མཚོ་ལགས་ཀྱིས་གསུང་དོན། ཨ་རིའི་རླུང་འཕྲིན་ཁང་དེ་བཞིན་ཨ་རིའི་གཞུང་གི་སྟངས་འཛིན་འོག་ཡོད་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལས་ཁུངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ཚོགས་པ་དང་སྡེ་ཚན་གང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཀོད་སྒྲིག་བྱེད་ཀྱི་མེད། རླུང་འཕྲིན་ཁང་འདི་ནས་གནས་ཚུལ་གང་ཞིག་སྟོན་ཡང་དེའི་ནང་རྒྱ་ནག་གཞུང་གི་བསམ་ཚུལ་ཡང་སྟོན་གྱི་ཡོད། ཅེས་གསུངས་འདུག་པ་བཅས། །