༢༠༡༣ ཟླ་ ༢ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཨ་རིའི་གཞུང་གི་བོད་ནང་རང་ལུས་མེར་སྲེག་གི་གནད་དོན་ལ་སེམས་འཚབ་ཡོད་པ་མ་ཟད། བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཛིན་སྟངས་དབང་གིས་ཡིན་སྟབས། རྒྱ་ནག་གཞུང་ནས་བོད་མིའི་ཐོག་བཟུང་དང་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་སྐོར་བསྐྱར་དུ་ནན་བརྗོད་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་སྐུ་(Victoria Nuland) ཝེཀ་ཊོར་རི་ཡ་ནུ་ལན་ཌེ་མཆོག་གིས་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་གནས་ཚུལ་མུ་མཐུད་འཐོན་བཞིན་པའི་ཐོག་ང་ཚོར་ཧ་ཅང་སེམས་འཚབ་ཆེན་པོ་ཡོང་གི་འདུག
བོད་མིའི་ནང་ད་དུང་དེ་ལྟར་གནང་རྒྱུའི་བསམ་བློ་ཡོད་པ་རྣམས་ནས་བྱ་ཐབས་དེས་སོ་སོའི་བསམ་ཚུལ་འདོན་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན་མིན་བསམ་བློ་ནན་ཏན་གཏོང་དགོས་པ་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད། བོད་ནང་འཕྲད་བཞིན་པའི་དཀའ་ངལ་དང་བོད་མི་ཚོས་འ་ཆད་འུ་ཐུག་ངང་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་འབྱུང་རྐྱེན་གཙོ་བོ་རྒྱ་ནག་གཞུང་ནས་བོད་མིར་འཛིན་པའི་སྲིད་བྱུས་ལ་ཐུག་ཡོད་སྟབས། ང་ཚོས་དུས་རྟག་ཏུ་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་པ་ལྟར། བོད་ནང་འཛིན་བཞིན་པའི་སྲིད་བྱུས་དེ་དག་ལ་རྒྱ་ནག་གཞུང་ཕྱོགས་ནས་ངེས་པར་དུ་འགྱུར་བ་གཏོང་དགོས། ཞེས་ངས་དེ་རིང་བསྐྱར་ནན་བྱ་རྒྱུ་ཡིན། གསུངས་འདུག་པ་བཅས། །