༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢
ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་མགར་གདོང་སྡེ་བ་ནས་ཡིནཔ་རང་ལོ་ ༡༧ ལ་སོན་པའི་རིན་ཆེན་ལགས་དང། རང་ལོ་ ༡༨ ལ་སོན་པའི་བསོད་ནམས་དར་རྒྱས་ལགས་གཉིས་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་གཞུང་ གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ཞི་རྒོལ་གནང་ནས་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག འོན་ཀྱང་སྐབས་དེར་སྐད་འབོད་ག་རེ་གནང་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད། དམ་པ་ཁོང་གཉིས་ཀྱི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག
རིན་ཆེན་ལགས་ཀྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་། མ་མིང་ལ། ཨ་དོན་ (འདས་ཟིན།) བསོད་ནམས་དར་རྒྱས་ལགས་ཀྱི་ཕ་མིང་ལ། ཚེ་རིང་དོན་འགྲུབ། མ་མིང་ལ། བཀྲ་ཁོ་ཟེར། ཁོང་གཉིས་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་ལ་ལོ་གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་གནང་ནས་ད་རེས་ལོ་གསར་གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་བཅས།།