༢༠༡༣ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་བོད་ནང་གི་ལུགས་རྙིང་ལོ་གསར་ཚེས་བཞི་ཉིན་དགུང་ཆུ་ཚོད་ ༡།༡༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་ ༢༦ ཡིན་པའི་རྒྱལ་གཅེས་པ་འབྲུག་པ་མཁར་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་འབྲུག་པ་མཁར་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་ཚེ་རིང་དང་མ་མིང་ལ་རྟ་མགྲིན་མཚོ་ཞུ་གི་ཡོད་འདུག་ལ། ད་ལྟའི་ཆར་ཁོང་དང་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་པ་ལས་ཆེ་བ་ལོ་ ༦ དང་། འབྲིང་བ་ལོ་ ༤ ། ཆུང་བ་ལོ་ ༡ བཅས་ཡིན་འདུག
ད་བར་བོད་བསྟན་སྲིད་ཆེད་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༠༡ དང་། བཙན་བྱོལ་ནང་རང་ལུས་མེར་སྲེག་གཏོང་གནང་མཁན་བོད་མི་ ༦ བྱུང་ཡོད་པ་བཅས། །