༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དྲུང་ལས་མན་ཆད་ཀྱི་གནས་རིམ་ཁ་བསྐོང་གནང་རྒྱུ་དམིགས་མཁོའི་ཆེད་ཕྱི་ལོ་ ༢༠༡༣ ནང་སྔོན་འགྲོའི་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་གནང་རྒྱུ་ཡིན་ན་གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔའི་རིང་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་འཁོད་ཁ་བྱང་ཐོག་ཟབ་སྦྱོང་དུ་འཛུལ་ཞུགས་ཆོག་པའི་འཚང་སྙན་འབུལ་འཐུས།
ཀ༽ ཟབ་སྦྱོང་སྐོར།
༡ ཟབ་འཁྲིད་གནང་ཡུལ། ས་རཱ་མཐོ་སློབ།
༢ དུས་ཡུན། ཟླ་བ་ ༥ རིང༌། ༢༠༡༣ ཟླ་ ༤ ནས་ ༩ བར།
༣ དམིགས་ཡུལ། མ་འོངས་པར་དྲུང་ལས་ནས་གཞོན་དྲུང་བར་གྱི་ལས་བྱེད་ས་མིག་ཁ་བསྐོང་ཞུ་ཆེད།
༤ དགོས་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་པའི་གནས་ཚད་གོང་འཕེལ་གཏོང་ཐབས།
༥ སློབ་ཚན། བོད་དབྱིན་སྐད་ཡིག་དང༌། གཞི་རྩའི་རྩིས་ཁྲ་འཇོག་ཉར། འཛིན་སྐྱོང་དང་ཁྲིམས་སྒྲིག ཆབ་སྲིད། རྒྱལ་རབས། གློག་ཀླད་སོགས།
ཁ༽ དགོས་ངེས་ཆ་རྐྱེན།
ཤེས་ཚད།ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་(B.A./B.Com/B.Sc.) གང་རུང་ཐོན་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པའི་ངོ་བཤུས།
ལོ་ཚདཕྱི་ལོ་ ༢༠༡༣།༡༢།༣༡ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
རྒྱུགས་གཞི། ཟབ་སྦྱོང་དུ་ཚུད་རྒྱུར་སྙན་འབུལ་བ་ཚང་མར་འབྲི་རྒྱུགས་དང་ངག་རྒྱུགས་གཅིག་གྱུར་བཏང་བའི་གྲུབ་འབྲས་ཨང་རིམ་རྩེ་བཏོག་གིས་རྒྱུགས་འཕྲོད་པའི་མི་གྲངས་ ༤༠ ཟབ་སྦྱོང་ཆེད་འདེམས་སྒྲུག་བྱ་རྒྱུ་དང༌། ཟབ་སྦྱོང་གི་དུས་ཡུན་ཟིན་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གོང་གསལ་གནས་རིམ་སྟོང་པ་ཇི་ཐོན་སོ་སོའི་ཐོག་འདེམས་རྒྱུགས་སྒྲིག་གཞིའི་ཆ་རྐྱེན་ལྟར་མཐའ་མའི་ཡིག་རྒྱུགས་གཏོང་དགོས་པ་རྒྱུགས་འཕྲོད་གྲུབ་འབྲས་ཨང་རིམ་རྩེ་བཏོག་གིས་ལས་བྱེད་དུ་བསྐོ་གཞག་གནང་རྒྱུ་ཡིན།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་སྙན་ཞུའི་འགེངས་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང༌། ས་གནས་འགོ་འཛིན་ལས་ཁང༌། གཞུང་འབྲེལ་དྲ་རྒྱ་ (www.tibet.net) གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་གཤམ་གསལ་དགོས་ངེས་ཡིག་ཆ་ཁག་ཐོག་མཉམ་འབུལ་ངེས་ཞུ་དགོས་པ།
༡ རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང༌།
- མཐའ་མའི་ཤེས་ཚད་ཨང་ཤོག་དང༌། ལག་འཁྱེར་ (Marksheet & Certificate) ངོ་བཤུས།
- འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
- གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C) ཤོག་གྲངས་དང་པོ་དང༌། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
- བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ་འབུལ་དགོས། རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་མཚན་རྟགས/ལས་དམ་ཞུ་དགོས།
- སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་རང་ལོ་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས།
- རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ་ (character certificate)
- གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་བཅས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་དཔར་ཨང༌། གློག་འཕྲིན། (email)ཁ་བྱང་སོགས་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་སྐབས་འཕྲལ་ (email) བརྒྱུད་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་རྒྱུའི་དུས་ཚོད་ཐོག་ངེས་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༢ ཚེས་ ༦ ལ།Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]