༢༠༡༣ ཟླ་ ༢ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་པ་ནས་ཡིན་པའི་ཕ་བསམ་གྲུབ་དང་མ་བསོད་ཁོ་གཉིས་ཀྱི་བུ་རང་ལོ་ ༤༩ ལ་སོན་པའི་རྒྱལ་གཅེས་པ་གནམ་ལྷ་ཚེ་རིང་ལགས་ཀྱིས་༼ཁོང་ལ་ཡོངས་གྲངས་སུ་ཧྭོ་བྷ་རུ་འབོད་ཀྱི་འདུག༽བླ་བྲང་གྲོང་ཁྱེར་ནང་གི་(བསང་ཆུ་རྫོང་ཐོག་གི) གློག་བརྙན་ཁང་ཆེན་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
ཁོང་གི་ཆུང་མའི་མིང་ལ་འཚོ་ལོ་བརྗོད་ཅིང་ཁོང་བཟའ་འཚོ་གཉིས་ལ་བུ་བཞི་ཡོད་པ་ལས་ཆེ་བ་དགེ་འདུན་པ་གནང་ཡོད་པ་དང་འབྲིང་བ་གཉིས་མཚེས་མ་ཡིན་འདུག ཆུང་བའི་མིང་ལ་རྡོ་རྗེ་བརྗོད་ཀྱི་ཡོད་འདུག གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་མེ་ཤུགས་ཧ་ཅང་ཆེ་བས་དབང་གིས་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག་པ་བཅས། །