༢༠༡༣ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ཉིན་ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་སྐུ་ཚབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལས་གྲུབ་པའི་བོད་དོན་ལྷན་ཚོགས་ཐེངས ༩༤ ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བྷར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གསུང་དོན། ཁྱེད་རྣམ་པས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་མ་ཟད། བོད་དོན་ལ་སེམས་འཚབ་ཡོད་སྐོར་གྲོས་ཚོགས་ནང་གྲོས་ཆོད་བཞག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་ནས་བོད་མིར་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་ལ་ཞི་རྒོལ་ཆེད་ད་བར་བོད་མི་ ༡༠༧ ནས་རང་ལུས་མེར་བཏང་ཡོད། རྒྱ་ནག་གཞུང་ནས་བོད་མི་ཁག་གཅིག་ལ་རང་ལུས་མེར་སྲེག་གཏོང་མཁན་རྣམས་དང་འབྲེལ་བ་ཡོད་པར་བསྙད་དེ་བོད་མི་ཁག་གཅིག་ལ་སྲོག་ཁྲིམས་དང་ཁག་གཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། ད་ལྟའི་ཆར་བོད་ནང་བོད་མི་ཧ་ཅང་ཛ་དྲག་ཆེ་བའི་གནས་སུ་ལྷུང་ཡོད་པར་བརྟེན། ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་འཕྲལ་མར་རྟོག་ཞིབ་གནང་བར་ཕེབས་རོགས་ཞུ་རྒྱུ་ཡིན། སོགས་ཀྱི་གསུངས་ཡོད་པ་བཅས། །