༢༠༡༣ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང་སྐབས་གཉིས་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་གཉིས་སྟབས་གཅིག་ཏུ་དབུ་འཛུགས་གནང་ཡོད།
དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་བ་བསྟན་པ་རྒྱལ་མཚན་མཆོག་དང་། དམིགས་བསལ་སྐུ་མགྲོན་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སི་དྷི་བྷ་ཊག་མཆོག བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས། བལ་ཡུལ་རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཐུབ་བསྟན་འཇིགས་གྲོལ་ལགས། སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཨ་ལགས་ཆོས་ཀྱི་སྣང་བ་ལགས། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག བོད་ནས་ཕེབས་པའི་མཁན་པོ་དང་མི་སྣ་ཁག་གཅིག སིམ་ལ་དང་བལ་པོ་སོགས་ཇོ་ནང་པའི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། བལ་ཡུལ་ས་གནས་འགོ་འཛིན་ཁག བལ་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་སོགས་ཁྱོན་སྐུ་མགྲོན་དང་མི་མང་བརྒྱ་ཕྲག་གཅིག་ལྷག་འདུ་འཛོམས་ཀྱིས་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་སྐབས་གཉིས་པ་དབུ་འབྱེད་གྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་གི་བྱུང་རིམ་དང་། བགྲོ་གླེང་འདི་ལྟ་བུ་ཞིག་སྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང་། དེ་ནས་ལྷན་ཚོགས་ཀྱི་འགན་འཛིན་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དང་། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་ཀྱིས་ཇོ་ནང་ཆོས་བརྒྱུད་ཀྱི་བྱུང་རིམ་དང་། ད་ལྟའི་ཇོ་ནང་པའི་གནས་སྟངས། ཇོ་ནང་ཆོས་བརྒྱུད་འདི་བོད་བརྒྱུད་ནང་བསྟན་ནང་དུ་གལ་ཆེ་ཚུལ་སོགས་ཀྱི་གསུང་བཤད་གཟབ་རྒྱས་གནང་ཡོད།
དེ་རྗེས་བལ་ཡུལ་རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཐུབ་བསྟན་འཇིགས་གྲོལ་ལགས་ཀྱིས་སྤྱིར་ནང་པའི་ཆོས་ལུགས་གལ་ཆེན་པོ་ཡིན་ཚུལ་དང་། དེ་བཞིན་ཇོ་ནང་པའི་ཆོས་བརྒྱུད་འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་གལ་ཆེན་པོ་ཞིག་ཡིན་ཚུལ། ལྷག་པར་དུས་ཀྱི་འཁོར་ལོའི་ཉམས་ལེན་གྱི་སྐོར་ནས་གལ་ཆེན་པོ་ཡིན་སྐོར་༸གོང་ས་མཆོག་གིས་ནམ་རྒྱུན་ནས་བཀའ་སློབ་ཕེབས་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་དམིགས་བསལ་སྐུ་མགྲོན་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སི་དྷི་བྷ་ཊག་མཆོག་གིས་ཇོ་ནང་དང་བལ་ཡུལ་གྱི་དོལ་པོ་གཉིས་འབྲེལ་བ་ཆེན་པོ་རེད། དགོན་པ་འདིར་དོལ་པོའི་གྲྭ་རྒྱུན་མང་པོ་ཡོད་ས་རེད། དེ་རིང་འདིར་དོལ་པོ་མང་པོ་བསླེབས་འདུག ཡག་པོ་རེད། ཇོ་ནང་ཆོས་བརྒྱུད་གྱི་མི་མང་ག་བར་ཡོད་ན་ཡང་སོ་སོའི་ཆོས་ལུགས་དར་སྤེལ་བྱེད་པར་འབད་རྩོན་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་བ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གིས་ཇོ་ནང་ཆོས་བརྒྱུད་འདི་བོད་བརྒྱུད་ནང་བསྟན་དུ་གལ་ཆེན་པོ་ཡིན་ཚུལ་གསུང་དོན། “ཇོ་ནང་ཆོས་བརྒྱུད་དེ་ནང་བསྟན་ཆོས་བརྒྱུད་ལ་མཚོན་ན་གལ་ཆེན་པོ་རེད། མདོ་ཕྱོགས་ནས་བཤད་ན་བཀའ་འཁོར་ལོ་རིམ་པ་གསུམ་གསུངས་པའི་ནང་ནས་བཀའ་མཐའ་མའི་རྗེས་འབྲང་རེད། དེ་ནས་སྔགས་ཕྱོགས་ནས་བཤད་ན་ཕ་རྒྱུད་གསང་བ་འདུས་པ། མ་བརྒྱུད་འཁོར་ལོ་བདེ་མཆོག གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོ་གསུངས་པའི་ནང་གི་དཔལ་དུས་ཀྱི་འཁོར་ལོ་དེ་གཞན་ལ་མེད་པ་མ་རེད། འོན་ཀྱང་སྒྲུབ་བརྒྱུད་བསྟན་པ་འཛིན་མཁན་གཙོ་བོ་དེ་ད་ལྟའི་ཆར་ཇོ་ནང་པ་ཆགས་འདུག དེར་བརྟེན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ ཀྱི་ནང་ནས་གལ་ཆེན་པོའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་ང་ཚོ་ཚང་མས་ཤེས་བཞིན་པ་རེད། ཅེས་སོགསཀྱི་གསུང་བཤད་གནང་ཡོད།
མཇུག་ཏུ་ལྷོ་ཕྱོགས་ནས་ཕེབས་པའི་དགེ་བཤེས་ཀུན་དགའ་འཚམས་ཆུང་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད། ཉིན་གུང་དུས་ཚོད་ ༢ ནས་བཟུང་ཉིན་བདུན་རིང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་དབུ་མ་ཐེག་མཆོག་གི་རབ་བྱེད་བཞི་བ་བརྗོད་བྱར་བཟུང་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་དང་། དེ་ནས་ཉིན་གཉིས་རིང་སྤྱིར་ཇོ་ནང་པའི་བསྟན་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེར་གནང་སྟངས་དང་། ལྷག་དོན་ལྷན་ཚོགས་ཀྱི་ལོ་ངོ་གཅིག་རིང་གི་ལས་འཆར་གོ་སྒྲིག དེ་བཞིན་ལྷན་ཚོགས་གྱི་རྒྱུན་ལས་གསར་འདེམས་བྱ་རྒྱུ་བཅས་ཀྱི་ལས་རིམ་ཡོད་འདུག
ཐེངས་འདིའི་བགྲོ་གླེང་སྐབས་གཉིས་པའི་སྟེང་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་ཀུན་དགའ་རིན་ཆེན་གྱིས་གཙོས་བགྲོ་གླེང་བ་བཅུ། ལྷོ་ཕྱོགས་གྲྭ་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་དགེ་བཤེས་དང་གྲྭ་པ་ཁག་གཅིག བོད་ནས་ཕེབས་པའི་མཁན་པོ་ཁག་གཅིག བལ་ཡུལ་ཇོ་ནང་མ་དགོན་གྱི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་རིན་ཆེན་རྒྱ་མཚོ་སོགས་ཁྱོན་བླ་གྲྭ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་པ་བཅས། །