༢༠༡༣ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས།
༄༅། །འདི་གར་ཡུ་རོབ་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཇོན་པེ་ཊི་རིཀ་གྷི་ལི་སི་(Mr. Jean-Patricke Gilles) ལགས་ཀྱིས་གཙོས་སྐུ་ཞབས་ནོལ་མ་མེ་རི་(Mr. Noel Mamere) ལགས་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཟུར་པ་སྐུ་ཞབས་ཕི་ལི་པི་ཕོ་ལི་ཨོ་ཊེ་ (Mr. Philippe Folliot) བཅས་དང་ལྷན་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། མ་འོངས་པའི་ལས་གཞི་སོགས་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་བོད་ཀྱི་གནད་དོན་རྟོག་ཞིབ་ཚོགས་ཆུང་ནི་ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༢༡ ཉིན་ཕ་རན་སིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཇོན་མ་ཡི་ཀལ་བེ་ལོར་ཇི་ (Jean-Michel Belorgy) ལགས་དང་སྐུ་ཞབས་ལུ་སི་ཌེ་བྷོ་རོ་སི་ཡ་ (Louis de Broissia) ལགས་གཉིས་ཀྱིས་འགོ་འཛུགས་གནང་ཞིང་། ཁོང་གཉིས་ནས་ཉམས་ཞིབ་ཚོགས་ཆུང་གི་ཚོགས་གཅོ་ཡང་གནང་ཡོད། དེ་སྔ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཕ་རན་སིའི་སྐུ་ཚབ་ ༡༨༠ ཙམ་ཡོད་པ་དང། ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་དེ་བཞིན་ཕྱི་ཟླ་ ༢ པའི་ནང་འཚོགས་རྒྱུ་ཡིན་འདུག་པ་བཅས། །