༢༠༡༣ ཟླ་ ༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིནདེ་སྔ་བོད་ནང་དབྱིན་ཇིའི་གཞུང་གི་ལས་བྱེད་གནང་མྱོང་མཁན་རྣམ་པའི་འབྲེལ་ཆགས་ནང་མི་ ༢༣ གྱིས་དབྱིན་ཡུལ་གྱི་སྲིད་བློན་ཌེ་ཝི་ཌི་ཀེམ་རོན་ (David Cameron) མཆོག་ལ་བོད་དོན་དང་འབྲེལ་བའི་འཕྲིན་ཡིག་ཞིག་ཕུལ་འདུག
དེ་ཡང་འཕྲིན་ཡིག་དེའི་ཐོག་མཚན་རྟགས་འགོད་མཁན་ཁོངས་སུ་ཕྱི་ལོ་ ༡༩༣༥ ནས་ ༡༩༤༥ བར་འབྲས་ལྗོངས་དང། འབྲུག བོད་བཅས་ཀྱི་དབྱིན་གཞུང་གི་ཆབ་སྲིད་ཀྱི་འབྲེལ་མཐུད་པ་ཚེ་འདས་བྷ་སིལ་གོལ་ཌི་ (Sir Basil Gould) ལགས་ཀྱི་བུ་རྒན་ཤོས་དགུང་ལོ་ ༩༠ ལ་སོན་པའི་སྐུ་ཞབས་རི་ཆ་ཌི་ཇོན་གོལ་ཌི་ (Mr Richard John Gould) ལགས་དང། ཕྱི་ལོ་ ༡༩༥༠ བར་བོད་ནང་དབྱིན་གཞུང་གི་ཏར་འཕྲིན་གཏོང་མཁན་རོ་བྷར་ཊི་ཕོར་ཌི་ (Robert Ford) ལགས་ཀྱི་བུ་སྐུ་ཞབས་གྷ་ཡེལ་སི་ཕོར་ཌི་ (Mr Giles Ford) ལགས། རྒྱང་རྩེར་ཡོད་པའི་དབྱིན་གཞུང་གི་ཆབ་སྲིད་ལས་ཁུངས་ཀྱི་དམག་དཔོན་དང་ཕྱི་ལོ་ ༡༩༤༠ ལོར་ལྷ་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་སྐབས་དབྱིན་གཞུང་གི་སྐུ་ཚབ་སྐུ་ཞབས་ཌི་ཐོ་རན་བྷར་གྷ་ (Major D Thornburgh) ལགས་ཀྱི་ཚ་བོ་སྐུ་ཞབས་རི་ཆ་ཌི་ཐོ་རན་བྷར་གྷ་ (Richard Thornburgh) ལགས། དེ་བཞིན་དབྱིན་གཞུང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ལྕམ་ཇོ་ཨ་ན་ལམ་ལེ་ (Joanna Lumley) ལགས་བཅས་ཡིན་འདུག
ཁོང་རྣམ་པས་དབྱིན་ཡུལ་གྱི་སྲིད་བློན་མཆོག་ལ་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་ཐུགས་ཞིབ་ཀྱིས་རྒྱབ་སྐྱོར་གནང་དགོས་པ་དང། གཤམ་གསལ་གནད་དོན་ཁག་གི་ཐོག་ལག་བསྟར་གནང་དགོས་པའི་བསམ་ཚུལ་བཏོན་ཡོད།
༡༽ དབྱིན་གཞུང་ནས་བོད་རྒྱ་འབྲེལ་མོལ་གྱི་དཀའ་ངལ་སེལ་ཐབས་དང་བསྐྱར་གསོའི་ཆེད་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་མཐུན་འགྱུར་གནང་དགོས།
༢༽ དབྱིན་གཞུང་གི་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཐོག་བསྐྱར་ཞིབ་དང་ནུས་ཤུགས་ཆེ་རུ་གཏང་ན། དེས་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལྡན་པའི་རིག་གཞུང་ལ་ཚད་མཉམ་པའི་རིན་ཐང་སྤྲོད་ཐུབ་ཀྱི་རེད།
༣༽ བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་རྒྱུར་སྐུལ་འདེད་བྱེད་དགོས་པ་དང། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་འགྲོ་བ་མིའི་ཐོབ་ཐང་གི་མི་སྣ་ཆེད་གཏོང་གནང་དགོས། ཞེས་འཁོད་ཡོད་འདུག་པ་བཅས།།