༢༠༡༣ ཟླ་ ༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་དབྱིན་ཇིའི་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་པས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། དེང་སྐབས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཁྱོན་མི་གྲངས་བརྒྱ་བརྒལ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་ནས་བོད་མིར་འཛིན་པའི་སྲིད་བྱུས་ལ་ཐུག་གི་ཡོད་པར་བརྟེན།
བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམས་གཞིགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་སྲིད་བྱུས་དེ་དག་ལ་འགྱུར་བ་གཏོང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་བོད་མིར་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་ཞེད་སྣང་མེད་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཆོག་པའི་རང་དབང་སྤྲོད་དགོས། དེ་བཞིན་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོག་ཐུབ་ཆེད་རྒྱལ་སྤྱིའི་གསར་འགོད་པ་རང་དབང་ཐོག་ནས་བོད་ནང་འགྲོ་སྐྱོད་བྱེད་འཇུག་དགོས། ཞེས་འཁོད་འདུག
བོད་དོན་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་སྤེལ་མཁན་ཁོངས་སུ་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་། རྙིང་ཞེན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་ཚོགས་གོང་མའི་འཐུས་མི་ཡང་ཡོད་འདུག་པ་བཅས། །