༢༠༡༣ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་བསྟི་གནས་ཁང་ (India International Center) ཞེས་པའི་ཚོགས་ཁང་དང་པོའི་ནང་། གྷན་དྷི་ཞི་བདེ་དགེ་རྩས་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག གཞན་ཡང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལ་ལི་ཊ་མན་སིང། (Mr. Lalit Mansingh,) མཆོག རྒྱ་གར་བཀའ་དྲུང་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ་ཇ་ཡ་ཌེ་རན་ཌེ། (Mr. Jayadeva Ranade) སོགས་མཁས་དབང་དང་། ཉམས་ཞིབ་པ། རྩོམ་པ་པོ། དེ་མིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་༼ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས།༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་བགྲོ་གླེང་གནང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གི་ཐོག་མར་གསུང་བཤད་གནང་མཁན་ཚོའི་ལོ་རྒྱུས་ངོ་སྤྲོད་གྲུབ་འཕྲལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སིམ་ལའི་ཆིངས་ཡིག་གི་དགོངས་དོན་འགྲེལ་བརྗོད་དང་འབྲེལ། བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཙམ་དུ་མ་ཟད། (Mac Mahon line) མེག་མོ་ཧན་ས་ཐིག་གིས་བོད་དང་རྒྱ་གར་བར་གྱི་ས་མཚམས་གསལ་བོར་བཟོས་ཡོད་སྐོར། བོད་དེ་རྒྱ་དཀར་ནག་དབར་ཆབ་སྲིད་དང་། ལོ་རྒྱུས། ཁོར་ཡུག ས་མཚམས། རྒྱུགས་ཆུ་སོགས་གནད་དོན་མང་པོའི་ཐོག་འབྲེལ་བ་ཡོད་སྐོར་གྱི་རྒྱུ་མཚན་ཞིབ་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་ཐོག་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གལ་ཆེ་ལུགས་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་ནས་སེལ་ཐབས་ཡོང་བ་ལ། ཁྲིམས་ཀྱི་ཐོག་ནས་བཤད་ནའང་རྒྱ་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ལག་བསྟར་དགོས་སྐོར། བོད་པའི་གནད་དོན་གཙང་སེལ་བྱུང་བ་ཡིན་ན། དེས་བོད་གཅིག་པུ་མ་ཡིན་པར་རྒྱ་དཀར་ནག་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་ལ་ཡང་ཁེ་ཕན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ནས་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་རང་ལུས་མེར་སྲེག་གི་གནས་ཚུལ་དང་པོ་བྱུང་ས་དང་། དེ་བཞིན་རང་ལུས་མེར་སྲེག་མང་པོ་གཏོང་སའང་ངའི་ཕ་ཡུལ་ཨ་མདོ་རྔ་བའི་ས་ཁུལ་ཆགས་ཡོད་པ་དང་། དེའི་རྒྱུ་མཚན་ནི། ཕྱི་ལོ་ ༡༩༣༥ ལོར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་དམར་དམག་གི་གོམ་པ་རིང་པོའི་རྒྱང་སྐྱོད་ཟེར་བས་ཨ་མདོ་རྔ་བའི་ས་ཁུལ་བརྒྱུད་ནས་བོད་སར་ཐོག་མར་བཙན་འཛུལ་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མིའི་ཞི་རྒོལ་སྐབས་རྔ་བའི་མི་མང་ཐོག་མེ་མདའ་གང་བྱུང་བརྒྱབ་སྟེ་མི་གྲངས་ ༢༣ དམར་གསོད་བཏང་བ་དང་། ད་དུང་མང་པོ་ཞིག་ལ་རྨས་སྐྱོན་དང་། སུན་གཙེར། དམ་བསྒྲགས་དང་གདུག་རྩུབ་ཀྱིས་རྔ་བ་ཀིརྟི་དགོན་པ་བཙོན་ཁང་དང་། གྲྭ་པ་རྒན་གཞོན་བར་གསུམ་དུས་གཅིག་ལ་བཙོན་པའི་ངོ་བོ་ལྟ་བུར་བསྒྱུར་ཏེ་མནར་གཅོད་ཚད་མེད་བཏང་བར་བརྟེན། ད་ལྟའི་ཛ་དྲག་གི་དོན་རྐྱེན་འདིའི་མགོ་བཙུགས་པ་ཞིག་ཡིན་སྐོར་དང་། སྤྱིར་ཕྱི་ལོ ༡༩༣༥ ནས་བཟུང་ ༢༠༡༣ བར་བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་དང་བཙན་གནོན་བྱས་སྟབས། ད་ཆ་བོད་མི་རིགས་དང་བོད་མིའི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་དུ་འགྲོ་ལ་ཉེ་བའི་དུས་སུ་སླེབས་ཡོད་པ་དང་། དེ་ཡང་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལག་ལེན་དུ་བསྟར་སྟངས་ནི། ༡༽ འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་གཏོང་བའི་སྲིད་བྱུས། ༢༽ བོད་མིའི་སྐྱེ་སྒོ་བཀག་འགོག་གིས་བོད་མི་རིགས་ཀྱི་འཕེལ་ཚད་དམའ་རུ་གཏོང་བའི་སྲིད་བྱུས། ༣༽ བོད་མིའི་འཕྲོད་བསྟེན་ཇེ་ཞན་དུ་བཏང་ནས་བོད་མིའི་ཤི་ཚད་མཐོ་རུ་གཏོང་བའི་སྲིད་བྱུས། ༤༽ རྒྱ་མི་རིགས་གནས་སྤོས་ཀྱིས་བོད་ཡུལ་དུ་བོད་མི་གྲངས་ཉུང་མི་རིགས་སུ་བསྒྱུར་པའི་སྲིད་བྱུས། ༥༽ བོད་མིའི་གནས་ཡུལ་གྱི་ས་གནས་རྒྱ་ཆུང་དུ་གཏོང་བའི་སྲིད་བྱུས། ༦༽ བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་། ༧༽ བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའི་སྲིད་བྱུས། ༨༽ བོད་མིའི་ཡུལ་གོམས་གཤིས་ལུགས་བཙན་བསྒྱུར་བྱེད་པའི་སྲིད་བྱུས། ༩༽ རྒྱ་མི་རིགས་ཆེན་པོའི་ལྟ་བའི་འོག་ནས་བོད་མི་རིགས་བྲན་གཡོག་ཏུ་བསྒྱུར་བའི་སྲིད་བྱུས་། ༡༠༽ བོད་རྒྱ་མི་རིགས་གཉིས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་མེད་པའི་སྲིད་བྱུས། ༡༡༽ བོད་རྒྱ་མི་རིགས་གཉིས་ལ་ལས་ཀའི་ཐོག་ཐོབ་ཐང་དང་ཡིད་ཆེས་འདྲ་མཉམ་མེད་པའི་སྲིད་བྱུས། ༡༢༽ བོད་རྒྱ་མི་རིགས་གཉིས་ལ་དཔལ་འབྱོར་གྱི་ཐོབ་ཐང་འདྲ་མཉམ་མེད་པའི་སྲིད་བྱུས། ༡༣༽ རྒྱ་གཞུང་གིས་བོད་དང་བོད་མིར་སྔ་ཕྱིར་ཁས་ལེན་བྱས་པ་དང་། འཛུགས་སྐྲུན། རོགས་སྐྱོར་ཟེར་བ་སོགས་ལྷག་བསམ་རྣམ་དག་མིན་པའི་སྲིད་བྱུས་སོགས། བོད་ཀྱི་ས་ཁུལ་ཐམས་ཅད་ལ་གཅིག་མཚུངས་ཀྱིས་ལག་བསྟར་བྱ་པར་བརྟེན། ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་རྒྱ་གཞུང་ལ་ཡིད་ཆེས་བརླགས་པ་ཙམ་དུ་མ་ཟད། ཁ་བྲལ་གྱི་ཕྱོགས་ལ་རྒྱ་གཞུང་གིས་བཙན་འདེད་བྱས་པས། འུ་ཐུག་ཐབས་ཟད་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་མཐར་ཐུག་པ་གསོན་པ་ལས་ཤི་བ་གདམ་དགོས་པའི་རང་ལུས་མེར་སྲེག་གིས་ཞུ་འབོད་མ་བྱེད་ཀ་མེད་དུ་ཐུག་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྐུ་ཞབས་ལ་ལི་ཊ་སིང (Lalit Mansingh) མཆོག་གིས། དེང་སྐབས་ཨ་རི་དང་རྒྱ་ནག་ལ་འགོ་ཁྲིད་གསར་བ་བསླེབས་ཡོད་པ་དང་། རྒྱ་གར་ལ་ལོ་རྗེས་མར་སླེབ་འཆར་ཡོད་པ་སོགས་ཆབ་སྲིད་ཀྱི་འགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་ཡོད་པས། ཆབ་སྲིད་ཐོག་ཀྱང་ཏན་ཏན་འགྱུར་བ་འགྲོ་ངེས་ཡིན། བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་དག་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་ཡོང་གི་ཡོད་སྐོར། དེང་སྐབས་བོད་ནང་སེམས་ཤུགས་ཆིག་དང་སྒྲིལ། ལ་རྒྱ་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དེར་རེ་བ་ཆེན་པོ་ཡོད་སྐོར། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ལ་བརྟེན་ནས་མཐའ་མཚམས་ཀྱི་དཀའ་ངལ་དང་། ཁོར་ཡུག འཐུང་ཆུ། རྒྱལ་མཚམས་བཀག་སྡོམ་སོགས་ཀྱི་སྐོར། དེ་བཞིན་བོད་ནང་དམག་སྒར་མང་པོ་བཙུགས་དང་འཛུགས་བཞིན་པ་དེས་འབྱུང་འགྱུར་རྒྱ་གར་ལ་དཀའ་ངལ་འཕྲད་གཞི་ཆགས་ངེས་ཡིན་སྐོར། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚད་མེད་བཏང་དང་གཏོང་བཞིན་པ་དེར་རྒྱ་གར་གྱིས་ཀྱང་ངོ་རྒོལ་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་ཞབས་ཇ་ཡ་ཌེ་ར་ན་ཌེ་ (Jayadeva Ranade) མཆོག་གིས། དེང་སྐབས་རྒྱ་ནག་ནང་ཆབ་སྲིད་ཀྱི་དཀའ་ངལ་དང་། དཔལ་འབྱོར་ཐོག་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ། བརྟན་ལྷིང་མེད་པའི་དཀའ་ངལ་སོགས་ཇེ་ཆེར་འགྲོ་བཞིན་ཡོད་སྐོར། བོད་ནང་དམག་གི་རྟེན་གཞི་ ༦༩༠༠ ལྷག་བཙུགས་ཡོད་སྐོར་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མིའི་དཔོན་རིགས་མང་པོ་ཆེད་གཏོང་གི་ལས་གཞི་སྤེལ་བཞིན་པ་དེས་བོད་ཀྱི་ས་ཁུལ་བརྟན་ལྷིང་ཡོང་རེ་བྲལ་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཚོགས་ཞུགས་པ་མང་པོས་དྲི་བ་ལ་གསུང་བཤད་གནང་མཁན་ཚོས་དྲིས་ལན་ཡང་གནང་ཡོད་པ་དང་། མཇུག་ཏུ། གྷན་དྷི་ཇིའི་ཞི་བདེ་དགེ་རྩ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ར་ངྷ་བྷ་ཏ་ (Ms. Radha Bhatt) མཆོག་གིས། བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡོད་པ་དང་། གལ་ཏེ་འདི་བརླག་པ་ཡིན་ན། བོད་གཅིག་པུའི་གྱོང་གུན་ཙམ་མིན་པར་འཛམ་གླིང་གི་གཅེས་ནོར་རྩ་ཆེན་པོ་ཞིག་བརླག་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་མི་མང་ཚང་མས་བོད་དོན་ཐོག་ཚོར་ཤུགས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་སྐོར་བཅས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དོན་ཕན་ལྡན་པའི་བགྲོ་གླེང་ལྷན་ཚོགས་དེ་ཆུ་ཚོད་ ༥ པའི་ཐོག་མཇུག་སྒྲིལ་གནང་ཡོད། །