༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། འདི་ལོའི་གསུམ་བཅུའི་དུས་དྲན་གྱི་སྐབས་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ས་གནས་ཆ་བགོས་ཀྱིས་གཞུང་དོན་ཕྱོགས་བསྐྱོད་ཕེབས་གཏན་འཁེལ་ཡོད་པ་ལྟར། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཕྱི་ཚེས་ ༢༤ ནས་བཟུང་བྱང་ཁལ་ལི་ཕོར་ནི་ཡའི་ས་གནས་སོགས་ཨ་རིའི་ཤར་བརྒྱུད་ས་གནས་ཁག་གཅིག་གི་མང་ཚོགས་ལ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་བཀའ་སློབ་གསུང་བཤད་གནང་ཡོད། བཀའ་བློན་རྣམ་པ་ས་གནས་ཆ་བགོས་གནང་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་དོན་གཙོ་བོ་ནི་བཀའ་ཤག་གི་བཀའ་དགོངས་ལྟར། བོད་མི་མང་ཚོགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ངོ་སྤྲོད་གནང་རྒྱུ་དེ་རེད། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༢༤ ནས་བཟུང་ཨ་རིའི་ནུབ་རྒྱུད་ས་ཁུལ་བྱང་ཁལ་ལི་ཕོར་ནི་ཡའི་མང་ཚོགས་ལ་གསུང་བཤད་གནང་གྲུབ་མཚམས་རིམ་བཞིན་པོ་ཀྲེ་ལན་ཌ། ཡུ་ཁྲཱ། ལྷོ་ཁལ་ལི་ཕོར་ནི་ཡ་བཅས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག དེ་བཞིན་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༩ ནས་བཟུང་མི་ནི་སུད་ཀྲར་དང་། ནིའུ་ཡོཀ་ནིའུ་འཇར་སི། ཝ་ཤིང་ཊོན་ཌེ་སི། སྦོ་སི་ཊོན། ཁེ་ན་ཊི་ཁེ་ཌི་བཅས་ཨ་རིའི་ཤར་ཕྱོགས་ས་ཁུལ་ཁག་ལྔའི་ནང་གི་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད། གོང་གསལ་ས་ཁུལ་དེ་དག་ནི་ཨ་རིའི་ཤར་རྒྱུད་དང་། ནུབ་རྒྱུད་ཁུལ་གྱི་ས་ཁུལ་ཆེ་ཁག་ཡིན་པ་དང་། ས་གནས་དེ་དག་ཚང་མའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཡོད་ཅིང་། སྐུ་ཚབ་དོན་གཅོད་ཁང་གི་ལམ་སྟོན་ལྟར། གཞུང་འབྲེལ་འཚམས་འདྲིར་ཕེབས་པའི་བཀའ་བློན་རྣམ་པ་གཉིས་ཀྱི་ལས་རིམ་གྲ་སྒྲིག་དང་། ཕེབས་བསུ་སྣེ་ལེན་གྱི་འགན་འཁུར་རྣམས་ས་གནས་སྤྱི་མཐུན་ཚོགས་པ་སོ་སོས་གནང་གི་ཡོད། ཆོས་རིག་བཀའ་བློན་མཆོག་གིས་ཚེས་ ༢༤ ཉིན་བྱང་ཁལ་ལི་ཕོར་ནི་ཡ་ས་གནས་མང་ཚོགས་ལ་གསུང་བཤད་གནང་སྐབས་བོད་རིགས་སྤྱི་མཐུན་ཚོགས་པས་ཕེབས་བསུའི་སྣེ་ལེན་དང་། ཚོགས་འདུ་གྲ་སྒྲིག་གང་ལེགས་གནང་ཡོད་པ་མ་ཟད། ས་གནས་མང་ཚོགས་རྣམས་ཀྱིས་ཀྱང་གསུང་བཤད་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། ཆོས་རིག་བཀའ་བློན་མཆོག་ཨ་རིའི་ནུབ་རྒྱུད་ས་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས་ཨོ་སི་ཊོ་ལི་ཡར་གཞུང་དོན་ཕྱོགས་ཕེབས་གནང་གི་ཡོད། བདེ་སྲུང་བཀའ་བློན་མཆོག་གིས་ཨ་རིའི་ཤར་རྒྱུད་ཀྱི་ལས་རིམ་ཁག་གྲུབ་རྗེས་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །