༢༠༡༣ ཟླ་ ༢ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། སུད་སིར་གནས་སྡོད་བོད་རིགས་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་། རང་ལུས་མེར་སྲེག་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་རྒྱལ་ཚོགས་མདུན་ཐང་དུ་ལོ་གསར་ཚེས་གཅིག་གི་ཉིན་སླར་ཡང་ཞུ་གཏུག་གི་ལས་འགུལ་ཐེངས་བཞི་པ་དེ་སྤེལ་ཡོད་འདུག
ཕྱི་ལོ ༢༠༠༨ ལོ་ནས་བཟུང་བྱེས་འཁོད་བོད་མི་ཚོས་བོད་ནང་གི་ཛ་དྲག་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་ཆེད། བྱེས་འབྱོར་གངས་ཅན་པའི་གཞུང་མང་གཉིས་ཀྱིས་དགའ་སྟོན་གྱི་སྤྲོས་པ་བཅད་དེ་མྱ་ངན་གྱི་ལོ་གསར་བཞིན་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༡ སྟེ་བོད་རྒྱལ་ལོ་ ༢༡༤༠ ཆུ་སྦྲུལ་གནམ་ལོ་གསར་ཚེས་ཉིན། འཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་དང་། སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱི་ནང་མིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་། རང་ལུས་མེར་སྲེག་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། སླར་ཡང་ཞུ་གཏུག་གི་ལས་འགུལ་ཐེངས་བཞི་པ་དེ་སྤེལ་ཡོད་པ་དང་། ཁྱིམ་ཚང་གཉིས་ཀྱི་ཐེངས་འདིའི་ལས་འགུལ་ཐོག་བོད་མི་གཞན་ཁ་ཤས་ཤིག་ཀྱང་མཉམ་ཞུགས་གནང་ཡོད་འདུག དེ་ཡང་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་ཕྱི་ནང་གཉིས་སུ་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་ཀ་ཅན་གྱི་བོད་གྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ཀྱི་རྒྱལ་གླུ་བཏང་སྟེ་མྱ་ངན་གུས་འདུད་དང་། ས་ཁུལ་དེའི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གོ་རྟོགས་དང་ཐུགས་སྣང་ཡོང་ཕྱིར། རང་གཞུང་གི་དྲ་རྒྱ་གཙོས་གལ་གནད་ཆེ་བའི་དྲ་རྒྱ་ཁག་གི་ཞལ་བྱང་བཀྲམ་སྟེ། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། སླར་ཡང་དགོས་འདུན་དོན་ཚན་ ༦ བཏོན་ཏེ། མྱ་ངན་གྱི་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་། ཚོགས་སྡེ་ཁག་ལའང་གཞིས་སྡོད་མི་མང་གི་མངོན་འདོད་དང་བདེ་སྡུག་ཞུ་གཏུག་བྱས་དང་བྱེད་བཞིན་ཡོད་འདུག
དགོས་འདུན་དོན་ཚན་ཁག་ནི། དང་པོ་༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་། གཉིས་པ།༽ བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། གསུམ་པ།༽ འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཆིབས་སྒྱུར་བསྐྱང་རྒྱུར་མཐུན་འགྱུར་གནང་ཐབས།
བཞི་པ།༽ ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས། ལྔ་པ།༽ བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། དྲུག་པ།༽ བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་ཡིན་འདུག་པ་བཅས། །