༢༠༡༣ ཟླ་ ༢ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སུ་གནས་བཞུགས་དར་ལྕེ་ཟད་པོ་ལགས་ཀྱིས་ཁུངས་ལྡན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༢ དང་ ༣ པའི་ནང་རྒྱ་ནག་གཞུང་གིས་སྔ་ཕྱིར་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་ཀྱི་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ་དྲུག་སྤྱི་ཚོགས་བརྟན་ལྷིང་མེད་པའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། མི་མང་གིས་ཞུ་གཏུག་རེ་སྐུལ་ཐེངས་མང་ཞུས་མཐར་ཟླ་འདིའི་ཕྱི་ཚེས་ ༢ ཉིན་མི་བཞི་གློད་བཀྲོལ་བཏང་འདུག
ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་སྤྱི་ཚོགས་བརྟན་ལྷིང་མེད་པ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་པ་དེ་དག་ནི་བོད་སྨན་ལྷ་རྗེ་ཨོ་རྒྱན་བསྟན་འཛིན་ལགས་དང་། མིག་ནད་གཤག་བཅོས་སྨན་པ་བསོད་ནམས་དགྲ་འདུལ་ལགས། སྒེར་གཉེར་སློབ་གྲའི་དགེ་རྒན་བསྟན་འཛིན་ཐབས་མཁས་ལགས། རྩོམ་སྒྲིག་པ་ཟླ་བ་རྡོ་རྗེ་ལགས་བཅས་ཡིན་འདུག
ལྷ་རྗེ་ཨོ་རྒྱན་བསྟན་འཛིན་ལགས་ནི་ཁམས་འབྲི་རུ་རྫོང་བོམ་ཕན་ཤང་གཡམ་པ་གྲོང་གི་མི་ཡིན་པ་དང་། ཕྱི་ལོ་ ༡༩༩༠ ཙམ་ལ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་དང་ཚུལ་ཁྲིམས་རྒྱལ་མཚན་སོགས་སློབ་དཔོན་དུ་བསྟེན་ནས་གསོ་བ་རིག་པ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་སྤྱི་ལ་ནང་བྱང་ཆུད་པ་སྦྱངས་ཏེ་བསླབ་པ་མཐར་སོན། བོད་ལྗོངས་ནང་བསྟན་ཞིབ་འཇུག་དང་། གངས་ལྗོངས་ཤེས་རིག་ཀུན་བཏུས་སོགས་སུ་ཁོང་གི་རྩོམ་ཡིག་མང་པོ་སྤེལ་མྱོང་བ་མ་ཟད། ༼རྒྱལ་མོ་རྔུལ་ཆུའི་རླབས་སྒྲ་༽ཞེས་པའི་རྩོམ་རིག་དེབ་གཅིག་ཀྱང་པར་སྐྲུན་གནང་ཡོད།
བསོད་ནམས་དགྲ་འདུལ་ལགས་ནི་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་གསེར་གཞོང་གྲོང་གི་མི་ཡིན་པ་དང་། བོད་ལྗོངས་གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁ་ཤས་ལ་མིག་ནད་གཤག་བཅོས་སྐོར་ཕྱི་ལུགས་སྨན་དཔྱད་སློབ་སྦྱོང་བྱེད་པར་འགྲོ་མྱོང་ཞིང་། དེང་སྐབས་ཕྱི་ནང་གི་སྨན་བཅོས་རིག་པ་ཟུང་དུ་སྦྲེལ་ནས། ཨ་རི་དང་ཁ་ན་ཌའི་རྒྱལ་ཁབ་གཉིས་ནས་བོད་ཀྱི་རྒྱལ་ས་ལྷ་སར་མཉམ་གཉེར་བྱས་ནས་བཙུགས་པའི་སེ་ཝ་ཐེབས་རྩ་ཚོགས་པར་ལྷ་རྗེའི་ལས་ཀ་བྱེད་བཞིན་ཡོད་པ་དང་། ལོ་མང་པོའི་རིང་བོད་ཀྱི་སྟོད་སྨད་ས་ཆ་མང་ཆེ་བར་མིག་ནད་སྐྱ་སྒྲིབ་གཤག་བཅོས་ཆེད་འགྲོ་སྐྱོད་བྱས་ཡོད་ལ། ཞོར་དུ་ཤོག་གྲངས་སུམ་བརྒྱ་ལོན་པའི་གསོ་རིག་སྐོར་གྱི་དཔྱད་རྩོམ་དེབ་གཅིག་ཀྱང་པར་སྐྲུན་གནང་ཡོད།
རྒན་བསྟན་འཛིན་ཐབས་མཁས་ལགས་ནི་ཁམས་ནགས་ཤོད་འབྲི་རུ་རྫོང་བརླན་ཆུ་ཤང་གི་མི་ཡིན་པ་དང་། དེ་སྔོན་ལྷ་ས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ཕྱིས་སུ་ཁོང་གིས་ལྷ་ས་དང་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུའི་ཕྱོགས་ཀྱི་རག་ཤི་དང་པད་དཀར་བཅས་སུ་སྒེར་གཉེར་སློབ་གྲྭ་ཁ་ཤས་བཙུགས་པ་དང་། སློབ་ཁྲིད་ཀྱང་དུས་རིང་གནང་མྱོང་ཡོད། ད་དུང་ཁོང་ནས་སློབ་ཁྲིད་ཉམས་ཞིབ་དང་འབྲེལ་བའི་བོད་ཡིག་གཞི་རིམ་སློབ་དེབ་དྲུག་ཙམ་ཞིག་རྩོམ་སྒྲིག་གནང་བཞིན་ཡོད་འདུག
ཟླ་བ་རྡོ་རྗེ་ལགས་ནི་ཁམས་ནགས་ཤོད་འབྲི་རུ་རྫོང་ཆག་རྩེ་ཤང་གི་མི་ཡིན་པ་དང་། རྒྱ་ནག་ (山 西) ཧྲང་ཤིན་དང་བོད་ལྗོངས་སློབ་ཆེན་བཅས་ནས་བསླབ་པ་མཐར་ཕྱིན་ཏེ། ནགས་ཤོད་འབྲི་རུ་རྫོང་དུ་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ནུས་ཤུགས་མཉམ་སྒྲིལ་གྱིས་གཉེར་བའི་ལམ་བུའི་དུས་དེབ་འདོན་ཐེངས་དྲུག་ཙམ་གྱི་རྩོམ་སྒྲིག་པ་ཡིན་འདུག སྔ་ཕྱིར་ལྷ་ས་དང་རྒྱ་ནག་ཁྲན་ཏུའུ་བཅས་སུ་བོད་ཀྱི་སྐད་ཡིག་སོགས་ཀྱི་གནད་དོན་སྐོར་བགྲོ་གླེང་མང་དག་ཅིག་ལ་མཉམ་ཞུགས་གནང་ཡོད།
ཁོང་རྣམ་པ་གཙོས་པའི་ཤེས་ལྡན་པ་མང་པོ་ཞིག་ན་ནིང་ད་ཚོད་ཙམ་ལ་འཛིན་བཟུང་བྱས་ཏེ་ད་ལྟ་བར་དུ་ནག་ཉེས་ཡོད་མེད་ཐད་ལ་ཞིབ་འཇུག་ཅི་ཡང་མ་བྱས་པར་སྣང་མེད་ངང་ལོ་གཅིག་ཙམ་བཙོན་དུ་ལྷག་པ་རེད། ཟླ་ཤས་སྔོན་ནས་ཁམས་ནགས་ཤོད་འབྲི་རུ་རྫོང་གི་མི་མང་ཧ་ཅང་མང་པོས་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་མེད་ན། ནད་པ་ཚོར་བརྟག་དཔྱད་བྱེད་མཁན་མེད་པ་མ་ཟད་སྨན་ཡང་སྟེར་མཁན་མེད། སློབ་གྲྭའི་རྒན་རྣམས་མེད་ཚེ་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་འཐུས་ཤོར་འགྲོ་གི་ཡོད་ཚུལ་སོགས་བཤད་དེ་ (西藏人民法院) བོད་ལྗོངས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་པས་མཇུག་འབྲས་སུ། ཟླ་བ་འདིའི་ཕྱི་ཚེས་ ༢ ལ་ཁྲིམས་རྭ་ཚོགས་ཐེངས་གཉིས་པ་སྐོང་ཚོགས་མི་དགོས་པར་ཉེས་མེད་ཀྱི་བདེན་མཐའ་གསལ་ནས་གྲྭ་བཞི་བཙོན་ཁང་ནས་གློད་བཀྲོལ་ཐོབ་འདུག གློད་བཀྲོལ་ཐོབ་མ་ཐག་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་དང་། གྲོགས་པོ་ཁག་གཅིག་དང་མཉམ་དུ་དགའ་སྤྲོའི་ཐུགས་སྤྲོ་ཞིག་ཀྱང་རྒྱལ་ས་ལྷ་སར་བཏང་ཡོད་པའི་གནས་ཚུལ་འདུག
འོན་ཀྱང། ན་ནིང་ཁོང་ཚོ་དང་མཉམ་དུ་འཛིན་བཟུང་བྱས་པའི་སྒེར་བཙུགས་སློབ་དགེ་མར་རིལ་པ་སངས་ལགས་ད་ལྟ་ཡང་གློད་བཀྲོལ་ཐོབ་མེད། མར་རིལ་པ་སངས་ལགས་ནི་ཁམས་ནགས་ཤོད་བོམ་ཕན་ཤང་གྲོང་སྣེ་གྲོང་གི་མི་ཡིན་པ་དང་། དེ་སྔ་གཅིག་དགུ་དགུ་བཅུའི་ནང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ཆོས་ཞུགས་ལོ་ཤས་གནང་མྱོང་ཡོད། རྗེས་སུ་བོད་དུ་ཕྱིར་ལོག་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་སྡེ་དགེ་དཔལ་ཡུལ། ཡ་ཆེན་སྒར། སྡེ་དགེ་ཤྲིསེང་བཤད་གྲྭ་སོགས་སུ་ལོ་ཆེན་བཅུ་གྲངས་རིང་ནང་བསྟན་ཤེས་བྱ་དང་། བོད་ཀྱི་རིག་གནས་སྤྱི་ལ་སློབ་གཉེར་གང་ཐུབ་གནང་ཡོད། ཁོང་གི་ལས་རོགས་སློབ་དགེ་མགོན་དཔོན་ཀླུ་དབང་ལགས་སྐབས་དེར་འཛིན་བཟུང་བྱས་ཀྱང་། ཉེ་ཆར་ཟླ་ཤས་གོང་གློད་བཀྲོལ་ཐོབ་ཡོད་པ་བཅས། །