༢༠༡༣ ཟླ་ ༢ ཚེས་ ༥ རེས་གཟའ་མིག་དམར།
༄༅། །རྒྱ་ནག་ཉེན་རྟོག་པས་བོད་མི་ཞི་བའི་ལས་འགུལ་བའི་ཁྲོད་འགད་རྫས་གཡུགས་ནས་རྨས་སྐྱོན་ཕོག་པའི་བོད་མི་རྒྱ་རིགས་ཐར་ལགས་ཟི་ལིང་གི་སྨན་ཁང་དུ་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་གྱུར་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ ཚེས ༡༥ ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་ཆབ་ཆ་ཁུལ། འབའ་རྫོང་ཁོངས་ཀྱི་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་། མི་སྐྱ་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་ཡོད། དེ་མ་ཐག་ཁོང་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་འོག་མང་ཚོགས་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་མུ་མཐུད་ཞི་བའི་ཁྲོམ་སྐོར་བྱེད་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པ་དང་། དམག་གིས་མང་ཚོགས་ཁྲོད་འགད་རྫས་གཡུགས་ནས་བོད་མི་ཁ་འཐོར་ལ་གཏོང་ཐབས་བྱས་ཡོད་པ་མ་ཟད། བོད་མི་མང་པོར་གཅར་རྡུང་གིས་རྨས་སྐྱོན་ཕོག་ཡོད་པའི་ཁོངས་ནས་རྒྱ་རིགས་ཐར་ལགས་ཀྱི་མགོ་བོར་རྨས་སྐྱོན་ཆེན་པོ་ཕོག་པར་བརྟེན། སྨན་ཁང་དུ་ཟླ་དགུའི་རིང་མྱུར་སྐྱོབ་བྱས་པའི་རིང་སྐད་ཆ་གཅིག་ཀྱང་བཤད་མ་ཐུབ་པ་དང་། ཀླད་པར་སྐྱོན་ཤོར་ཡོད་པར་ཐེངས་གསུམ་ཙམ་གཤག་བཅོས་བྱེད་དགོས་བྱུང་བ་སོགས་མྱུར་སྐྱོབ་རིམ་པ་བྱས་ཀྱང་མ་ཕན་པར་ཕྱི་ཟླ་ ༡༡ ཚེས་ ༣༠ ཧོར་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཟི་ལིང་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག
ཁོང་གི་སྐྱེ་ཡུལ་ནི་ཆབ་ཆ་འབའ་རྫོང་དགོན་གོང་མ་སྟག་སྐོར་སྡེ་བ་ནས་ཡིན་པ་དང་རང་ལོ་ ༣༥ ཡིན་འདུག ཁོང་གི་ཕ་མིང་ལ་མགོན་པོ་དང་མ་མིང་ལ་ཚེ་རིང་མཚོ་ཞུ་གི་ཡོད་ཅིང་། ཆུང་མའི་མིང་ལ་ལྕགས་སྒྲོན། བུ་ཆེ་བ་ལྕགས་ཐར་རྒྱལ་རང་ལོ་ ༡༣ དང་། བུ་ཆུང་བ་སྟག་ལྷ་ཚེ་རིང་ལོ་ ༡༠ ཅན་བཅས་ཁྱོན་བསྡོམས་ནང་མི་ ༡༠ ཡོད་འདུག ཁོང་འདས་གྲོངས་སུ་གྱུར་རྗེས་འབའ་ཤིང་ཁྲི་དགོན་པའི་གྲྭ་བཙུན་གྱིས་གཙོས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོ་འཛོམས་ནས་འདས་མཆོད་གཞི་རྒྱ་ཆེན་པོ་གནང་ཡོད། སྐབས་དེར་བརྡ་འཕྲིན་སོགས་ཀྱི་ཐད་ལ་དམ་བསྒྲགས་ཆེ་བའི་དབང་གིས་གནས་ཚུལ་དུས་ཐོག་ཕྱི་ལ་གཏོང་མ་ཐུབ་པར་ལུས་འདུག
སྤྱིར་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་མཚོ་སྔོན་འབའ་རྫོང་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས། བོད་མི་ ༥༠ ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་ཁག་གཅིག་གློད་བཀྲོལ་ཐོབ་ཡོད་ཀྱང༌། ཤིང་ཁྲི་དགོན་པའི་གྲྭ་ཚུལ་ཁྲིམས་རིན་ཆེན་དང་ཡེ་ཤེས་རྡོ་རྗེ། ཤེས་རབ་དཔལ་བཟང༌། པདྨ་རིག་འཛིན། བྱང་ཆུབ་ནོར་བུ། གཞན་ཕན་མཐའ་ཡས། ཕྱོགས་ལས་རྣམ་རྒྱལ། བསྟན་འཛིན་རང་ཤར། བཟོད་པ་རྒྱལ་མཚན། བློ་བཟང། བྱང་ཆུབ་རྒྱལ་མཚན། གུ་རུ་རྡོ་རྗེ། འཇམ་དབྱངས་རྒྱ་མཚོ། དགེ་འདུན་ཆོས་འཕེལ་བཅས་མི་ ༡༤ རྫོང་ཁྲིམས་ཁང་དུ་ཉིན་མཚན་དབྱེར་མེད་ཀྱིས་མུ་མཐུད་སློབ་གསོ་སྤྲོད་ཀྱི་ཡོད་པ་དང༌། ད་དུང་སྐབས་དེར་འཛིན་བཟུང་བྱས་པའི་མི་སྐྱ་རྡོ་རྗེ་ཚེ་བྷེ་དང་རྡོ་རྗེ་རྒྱལ། རྡོ་རྗེ་དོན་འགྲུབ། དཔའ་ཐར་རྒྱལ། ཚེ་བརྟན་རྒྱལ་བཅས་མི་སྐྱ་ ༥ སྐབས་དེར་གར་ཡོད་ཅི་བྱུང་གི་གནས་ཚུལ་གསལ་པོ་བྱུང་མི་འདུག་པ་བཅས། །