༢༠༡༣ ཟླ་ ༢ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གྱི་གུ་ཇུ་ར་ཊི་མངའ་སྡེའི་གྲོང་ཁྱེར་བྷ་རོ་ཊ་ནང་རྟེན་གཞི་བྱས་པའི་མཧཱ་རཱ་ཇཱ་ས་ཡ་ཇི་རའོ་གཙུག་ལག་སློབ་གྲྭའི་ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཐོག་རྒྱ་གར་དང་། བོད། རྒྱ་ནག་གསུམ་གྱི་འབྲེལ་ལམ་ཞེས་པའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་དུས་སྟོན་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ ཉིན་ (Maharaja Sayajirao) གཙུག་ལག་སློབ་གྲྭའི་ནང་གྲོང་ཁྱེར་བྷ་རོ་ཊ་ནང་གི་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱིས་ཉིན་གསུམ་རིང་གོ་སྒྲིག་ཞུས་ཡོད་པ་དང་། བགྲོ་གླེང་གི་ལྷན་ཚོགས་དེའི་ནང་རྒྱ་གར་བ་དང་། བོད་པའི་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ ༢༠༠ ལྷག་མཉམ་ཞུགས་གནང་ཡོད་ཅིང༌།
གཏམ་བཤད་གནང་མཁན་གྱི་ཁོངས་སུ་རྒྱ་གར་དང་བོད་པའི་ཤེས་ལྡན་པ་དང་། ཆེད་ལས་པ་གདན་ཞུ་གནང་ཡོད་པའི་ནང་རྒྱ་གར་གྱི་ཆབ་སྲིད་ཞིབ་འཇུག་པ་དང༌། རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཆུ་བོ་རྟ་མཆོག་ཁ་འབབ་འགྱུར་ལྡོག་གི་རྒྱུ་རྐྱེན་ཞེས་པའི་དཔེ་དེབ་རྩོམ་བྲིས་པ་སྐུ་ཞབས་ (Damodar) ལགས་ཕེབས་ནས་རྒྱ་གར་དང་། བོད་ཀྱི་འབྲེལ་ལམ། རྒྱ་ནག་གཞུང་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཉེན་ཁ་ཇི་ལྟར་བཟོ་གི་ཡོད་པའི་སྐོར་གཏམ་བཤད་གནང་ཡོད།
ད་དུང་རྒྱ་གར་གྱི་ཆབ་སྲིད་ཚན་པའི་འགན་འཛིན་སྐུ་ཞབས་(P.M Patel) ལགས་ཀྱིས་རྒྱ་གར་དང་བོད། རྒྱ་ནག་བར་སེལ་མ་ཐུབ་པའི་དཀའ་ངལ་གྱི་གནད་དོན་དང༌། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་དེ་དག་བརྒྱུད་ནས་རྒྱ་གར་དུ་ཉེན་ཁ་ཇི་ལྟར་བཟོ་གི་ཡོད་པའི་སྐོར། དེ་བཞིན་ཆབ་སྲིད་ཚན་པའི་མཁས་དབང་སྐུ་ཞབས་(Lajwanti Chatani) ལགས་ཀྱིས་བོད་ལ་རང་སྐྱོང་མ་ཡིན་པའི་ཐབས་ལམ་གཞན་འཚོལ་ཐབས་སྐོར་སོགས་གཏམ་བཤད་གནང་ཡོད།
བོད་པའི་སྐུ་ཚབ་ཁོངས་ནས་གཏམ་བཤད་གནང་མཁན་གྱི་གྲས་སུ་བོད་མི་དམངས་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བོད་ནང་དུ་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་དོན་རྐྱེན་དང་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་སྐོར་ལ་གསུང་བཤད་གནང་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་གིས་ཨེ་ཤི་ཡའི་མངའ་ཁུལ་ནང་བཟང་ངན་གྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་ལ་གསུང་བཤད་གནང་ཡོད།
ཐེངས་འདིའི་བོད་ཀྱི་དུས་སྟོན་ཉིན་གསུམ་གྱི་རིང་ལ་བོད་ཀྱི་རིག་གཞུང་དང༌། ལོ་རྒྱུས་འགྲེམས་སྟོན་བྱ་རྒྱུ་མ་ཟད། རྒྱ་གར་སློབ་ཕྲུག་ཀྱིས་བོད་ཐོག་ཞིབ་འཇུག་བྱས་པའི་ཡིག་ཆ་ཁག་སྒྲོགས་སྦྱང་གནང་རྒྱུ་དང་། བསྟན་འཛིན་ནོར་བུ་ལགས་ཀྱིས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོ་དང་ལྷན་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ཟུར་དུ་བགྲོ་གླེང་གནང་རྒྱུ་ཡིན་འདུག་པ་བཅས། །