༢༠༡༣ ཟླ་ ༢ ཚེས་ ༣ རེས་གཟའ་ཉི་མ།
༄༅། །བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་གིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ ༢ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ (Jantar Mantar 07,) ཚོགས་ཁང་ནང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བསྒྱུར་ཞུས་ཏེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བརྙན་འཕྲིན་དང་། དུས་དེབ། རླུང་འཕྲིན། ཚགས་ཤོག་སོགས་ཀྱི་གསར་འགོད་པ་ ༣༠ ལྷག་ལ་ཉེ་ལམ་རྒྱ་གཞུང་གིས་ཕྱི་ཟླ་ ༡ ཚེས་ ༣༡ ཉིན། སི་ཁྲོན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ངའི་ཕ་ཡུལ་རྔ་པའི་རང་ལོ་ ༤༠ ཡིན་པ་བློ་བཟང་དཀོན་མཆོག་དང་། ཁོང་གི་ཚ་བོ་རང་ལོ་ ༣༡ ཡིན་པ་བློ་བཟང་ཚེ་རིང་གཉིས་ཀྱིས། དེ་སྔོན་ས་གནས་ཀྱི་བོད་མི་བརྒྱད་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་མིང་འོག བློ་བཟང་དཀོན་མཆོག་ལ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གི་ཁྲིམས་ཆད་དང་། བློ་བཟང་ཚེ་རིང་ལ་ལོ་བཅུའི་དུས་ཡུན་གྱི་ཁྲིམས་ཐག་བཅད་ཡོད་འདུག
ཁོང་གཉིས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་ནས་རྔ་པ་ཁུལ་གྱི་རང་ལུས་མེར་སྲེག་གི་ལས་འགུལ་ལ་བརྒྱུད་སྐུལ་བྱས་པ་མ་ཟད། ལག་ཁྱེར་ཁ་པར་བརྒྱུད་བོད་ནང་གི་རང་ལུས་མེར་སྲེག་གི་འདྲ་པར་དང་། གནས་ཚུལ་བཅས་ཕྱི་ཕྱོགས་ཀྱི་བོད་རང་བཙན་ཚོགས་པ་ཁག་ལ་མཁོ་སྤྲོད་བྱས་ལུགས་སོགས་ཀྱི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག ཉིན་དེ་རང་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁྲིམས་ཁང་ཟེར་བས་ཀྱང་། ཁུལ་དེའི་བོད་མི་པདྨ་དོན་གྲུབ་ལ་ལོ་ ༡༢ དང་། སྐལ་བཟང་རྒྱ་མཚོར་ལོ་ ༡༡། པདྨ་འཚོ་ལ་ལོ་ ༨། ལྷ་མོ་དོན་གྲུབ་ལ་ལོ་ ༧། ད་དུང་དཀྲོག་གཏམ་འདྲ་མིན་སྤེལ་བའི་ཉེས་མིང་འོག་གདུགས་དཀར་སྐྱབས་ལ་ལོ་ ༤ དང་། གཡང་མོ་སྐྱིད་ལ་ལོ་ ༣ བཅས་ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག་པ་དེ། བོད་ནང་གི་རང་ལུས་མེར་སྲེག་དང་འབྲེལ་བའི་ནག་ཉེས་བཙན་འགེལ་གྱིས་ཁྲིམས་ཐག་བཅད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དེ་ཚོ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ཕར་ཞོག ཁྲིམས་རྩོད་པ་མེད་པ་དང་། ཁྲིམས་རའི་ནང་ཁོ་ཚོར་འབྲེལ་ཡོད་ཁ་ཤས་ཤིག་སྐད་བཏང་ནས་ནག་ཁུང་ནང་ཉེས་ཁྲིམས་བཙན་འགེལ་བྱས་པ་ཞིག་ཡིན་སྐོར་དང་།
རྒྱ་གཞུང་གིས་བོད་མིས་མེར་སྲེག་གི་ངོ་རྒོལ་འབྱུང་རྩ་བོད་ཕྱི་ལོགས་ནས་བརྒྱུད་བསྐུལ་བྱས་ཡོད་རབས་ཀྱི་དཔང་རྟགས་ཡིན་ཟེར་བའི་བརྙན་འཕྲིན་ཞིག་ཉེ་ཆར་བཀྲམ་པ་དེའི་རྒྱ་སྐད་ཀྱིས་འགྲེལ་བརྗོད་དང་། བློ་བཟང་དཀོན་མཆོག་གི་སྐད་ཆ་གཉིས་འགལ་ཟླ་ཆགས་ཡོད། ཁོང་ཚོ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་དང་འབྲེལ་བ་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་། ཁོ་རང་ཚོའི་བར་བརྒྱུད་ལམ་གང་གི་ཐོག་ནས་ཀྱང་འབྲེལ་བ་བྱུང་མྱོང་མེད་སྐོར་ཞིབ་ཚགས་རྒྱས་བཤད་གནང་བ་དང་། དོན་དག་འདི་བཞིན་ད་དུང་རྒྱ་གཞུང་གིས་མེར་སྲེག་གི་ཞི་རྒོལ་འབྱུང་སའི་བོད་ཀྱི་ས་གནས་ཁག་ཏུ། དངུལ་དངོས་ཀྱིས་བསླུ་ཐབས་དང་། འཇིགས་སྐུལ་བཙན་ཤུགས་ཀྱིས་བོད་མི་མང་པོར་ནག་མེད་ཉེས་འཛུགས་ཀྱི་ཉེན་ཁ་འབྱུང་སྲིད་པས་རང་དབང་གི་བརྒྱུད་ལམ་ཁག་གིས་དོ་སྣང་བྱེད་གལ་ཆེ་ལུགས་དང་།
རྒྱལ་སྤྱིའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་གལ་ཆེ་སྐོར་དང་། གསར་འགོད་པས། རྔ་པ་ས་ཁུལ་ལ་བོད་ཀྱི་ས་ཁུལ་གཞན་དང་མི་འདྲ་བའི་མེར་སྲེག་གི་ངོ་རྒོལ་བྱུང་བའི་རྒྱུ་རྐྱེན་གང་ལ་ཐུག་མིན་དྲི་བ་ཞུས་ལན་དུ། དེ་སྔོན་མའོ་ཙེ་ཏུང་གིས་ཕྱི་ལོ་ ༡༩༣༥ ལོར་དམར་དམག་རྒྱང་སྐྱོད་སྐབས་རྔ་པ་མི་མང་ལ་དཀའ་སྡུག་ཚད་མེད་བཟོས་པ་དང་། ཕྱི་ལོ་ ༢༠༠༨ ལོར་རྔ་པའི་མི་གྲངས་ ༢༣ མི་མང་གི་མཐོང་སར་དམར་དམར་རྗེན་རྗེན་གྱིས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ་དང་། རྔ་པ་ཀིརྟི་དགོན་པ་བཙོན་ཁང་ལྟ་བུར་བསྒྱུར་བ་སོགས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་མི་རབས་གསུམ་ལ་རྔ་པའི་མི་མང་ཐོག་ལག་བསྟར་བྱས་པའི་རྗེས་འབྲས་ཡིན་སྐོར་སོགས་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།