༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༤ བོད་ནང་གི་དགོང་མོའི་ཆུ་ཚོད་ ༨ ཡས་མས་ལ། མཚོ་སྔོན་མངའ་ཁུལ་བྱ་ཁྱུང་དགོན་པའི་ནང་དུ། རང་ལོ་ ༢༡ ཡས་མས་ཡིན་པ་ཕག་མོ་དོན་གྲུབ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཁོང་སྨན་ཁང་དུ་འཁྲིད་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་ནང་དུ་འབྱོར་ཡོད་འདུག ད་ལྟའི་ཆར་ཁོང་འདས་གྲོངས་སུ་འགྱུར་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་མེད། དེའི་རྗེས་སུ་གནས་ཚུལ་ཐོན་པའི་ནང་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུང་བཞིན་ཡོད་འདུག ཁོང་ནི་སྐྱེས་ཡུལ། བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་བ་ནས་ཡིན་འདུག་པ་བཅས། །