༢༠༡༣ ཟླ་ ༢ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཏུ་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དང་།
ཕྱི་ཚེས་ ༣ ཉིན་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་མོལ་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་གྲུབ་མཚམས་པན་ཇབ་དང་། ཧ་རི་ཡ་ན་མངའ་སྡེ་གཉིས་ཀྱི་རྒྱལ་སའི་ལྟེ་བ་གྲོང་ཁྱེར་ཅན་རྡི་སྒར་དུ་(Chandigarh) འབྱོར་ཏེ་ཉིན་གཉིས་རིང་རྒྱ་གར་གྱི་མངའ་སྡེའི་བློན་ཆེན་ཁག་དང་། གྲོས་ཚོགས་འཐུས་མི། ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་སོགས་སུ་ཡིག་ངག་གཉིས་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད།
ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང་། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སོགས་ཀྱིས་སང་ཉིན་ནས་མུ་མཐུད་དཔོན་རིགས་ཁག་ལ་ཞུ་གཏུག་དང་། གསར་འགོད་གསལ་བསྒྲགས། མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག་པ་བཅས། །