༢༠༡༣ ཟླ་ ༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༠ ཉིན་བགྲོ་གླེང་ལྷན་ཚོགས་ཀྱི་ཉིན་བཞི་པའི་སྔ་དྲོའི་སྐབས་མགོན་པོ་གང་ཉིད་མཆོག་གིས་ལྟ་བ་དང་གྲུབ་མཐའ་མི་འདྲ་བ་སོ་སོའི་འདོད་ཚུལ་ལ་གུས་བཀུར་ཞུ་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། ཆོས་ལུགས་ཁག་གི་རྗེས་འབྲང་པ་དང་ལྷག་པར་ནང་པའི་གྲུབ་མཐའ་སྨྲ་བ་ཕན་ཚུན་དབར་འགལ་ཟླ་འགྱུར་གྱི་ཡོད་ནའང་གྲུབ་མཐའ་སྨྲ་བ་གཞན་དེ་ཟུར་ཕུད་བྱ་རྒྱུའི་སྐད་ཆ་མིན། གང་ལ་ཞེ་ན་གྲུབ་མཐའ་སྨྲ་བ་དེས་མི་ཁག་གཅིག་ལ་ཧ་ཅང་ཕན་ཐོགས་ཡོང་གི་ཡོད་པར་བརྟེན། གྲུབ་མཐའ་དེར་གུས་བརྩི་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ངོས་ཀྱིས་ནང་ཆོས་ནས་བཤད་པ་དེར་བདེན་དཔང་ར་སྤྲོད་བྱེད་དགོས་བརྗོད་ཀྱི་མེད། འོན་ཀྱང་ངོས་ཀྱིས་དེ་སྔོན་སྐྱེ་བ་སྔ་ཕྱི་གསལ་པོ་དྲན་ཐུབ་པའི་རྒྱ་གར་བ་ན་ཆུང་དེ་འདྲ་མཐོང་མྱོང་ཡོད་པ་མ་ཟད། སྐྱེ་བ་སྔོན་མ་དྲན་ཐུབ་པའི་མི་སྣ་དེ་འདྲར་དོ་སྣང་བྱེད་སྐབས། སྐྱེ་བ་སྔོན་མ་དྲན་མཁན་དེ་དག་ཆུང་དུས་ནས་དྲན་ཐུབ་ཀྱི་ཡོད། འོན་ཀྱང་རྗེས་སུ་རིམ་བཞིན་ལུས་པོའི་འཚར་ལོངས་དང་ལྷན་སྐྱེ་བ་སྔོན་མ་དྲན་པའི་ཤེས་པ་ཉམས་འགྲོ་གི་ཡོད་པའི་ཚོར་སྣང་བྱུང་། ཞེས་བཀའ་སློབ་ཕེབས་ཡོད།
དེ་རྗེས་ཨ་རི་ནས་ཕེབས་པའི་དངོས་རྫས་རིག་པའི་ཚན་རིག་མཁས་དབང་ཁི་རི་སི་ཊོབ་ཀོ་ཆི་(Christof Koch) ་ལགས་དང་ཕ་རན་སི་ནས་ཕེབས་པའི་ནང་པའི་མཁས་དབང་མེ་ཐུ་རི་ཁ་ཌི་(Mathieu Ricard) ལགས་རྣམ་པ་གཉིས་ཀྱིས་རྣམ་ཤེས་སྐོར་ཚན་རིག་དང་ནང་པའི་འདོད་ཚུལ་མི་འདྲ་བའི་ཐོག་གཏམ་བཤད་གནང་གྲུབ་མཚམས་༸གོང་ས་མཆོག་གིས་མེ་ཐའོ་ར་གྷར་ཊོ་ལ་ཕན་རན་སིའི་མི་རིགས་ཤིག་གིས་ནང་ཆོས་ལ་དོ་གལ་ཆེན་པོས་ཉམས་ལེན་གནང་སྟེ་དམིགས་བསལ་ཉམས་རྟོག་ཐོན་པར་འཚམས་འདྲི་ཡང་མཛད་ཡོད་པ་བཅས། །