༢༠༡༣ ཟླ་ ༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་རིགས་མཐུན་ཚོགས་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༡༣ ལོར་བོད་དོན་ལས་འགུལ་སྤེལ་ཕྱོགས་བགྲོ་གླེང་ཚོགས་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༣ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ནི་དང་རྒྱལ་སྤྱིའི་བོད་ཀྱི་དྲ་བརྙན་ཡན་ལག་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱད་དང་ས་གནས་བོད་རིགས་མཐུན་ཚོགས་ཁག་ལྔ། ས་གནས་བུད་མེད་ཚོགས་པ་བཅས་ཀྱི་སྐུ་ཚབ་འཐུས་མི་ལྷན་འཛོམས་ཐོག་བོད་ནང་ད་ལྟ་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་གནས་ཚུལ་ལ་དམིགས་ཏེ་ཕྱི་ལོ་ ༢༠༡༣ ལོའི་ནང་བོད་དོན་ཆེད་ལས་འགུལ་སྤེལ་ཕྱོགས་ཐད་དོན་ཕན་ལྡན་པའི་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། ལྷན་ཚོགས་དེའི་ཐོག་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་(ATC)བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཕུ་རོན་ལགས་སོགས་སྐུ་ཚབ་འཐུས་མི་ ༢༠ བརྒལ་བ་ལྷན་འཛོམས་ཐོག་ཉིན་གཅིག་བགྲོ་གླེང་ཚོགས་འདུག
ལྷན་ཚོགས་དེའི་ཐོག་ཕེབས་པའི་སྐུ་ཚབ་འཐུས་མི་རྣམས་ནས་བོད་དོན་ཆེད་མ་འོངས་པར་ལས་འགུལ་སྤེལ་ཕྱོགས་ཐོག་གཙོ་བོ་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་རྒྱུ་དང་།
ལྷག་པར་ཨོ་སི་ཊོ་ལི་ཡའི་གཞུང་དེ་བཞིན་རྒྱ་ནག་གཞུང་དང་འབྲེལ་བ་ཆེན་པོ་ཡོད་སྟབས། ད་ལྟ་བར་དུ་ཨ་རི་དང་ཡུ་རོབ་ལྟར། བོད་དོན་ཐོག་དོ་སྣང་དེ་ཙམ་གནང་ཐུབ་མེད་པར་བརྟེན། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བརྒྱུད་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་ཐོབ་ཐབས་བྱུ་རྒྱུ་དང་། གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ། དེ་བཞིན་འདི་ལོའི་ཕྱི་ཟླ༌ ༣ ཚེས་ ༡༠ དང་ ༡༡ སོགས་ལ་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་དང་ལྷན་རྒྱལ་ས་ཁེན་བྷེ་རར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཉམ་འཛོམས་ཐོག་འགུལ་སྤེལ་རྒྱུ། ཡང་སྒོས་འདི་ལོ་ཕྱི་ཟླ་ ༦ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡར་ཆིབས་སྒྱུར་གྱི་སྐབས་དང་སྟབས་བསྟུན་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཐུབ་ན་ཡག་པོ་ཡོད་སྐོར་བསམ་ཚུལ་གཅིག་མཐུན་བྱུང་འདུག་པ་བཅས། །