༢༠༡༣ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་བྱང་ཤར་ཁུལ་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ལས་འགུལ་སྤེལ་མཁན་གྱི་ སྤྱི་འཐུས་རྣམ་པས་བཏང་གནས་ནང་འཁོད་དོན། མངའ་སྡེའི་གཞུང་འཛིན་ཚོགས་པ་དང་ཚོགས་པ་གཞན་ཁག་ནས་དབུས་ཀྱི་གྲོས་ཚོགས་གོང་འོག་གཉིས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གནད་དོན་ཐོག་གྲོས་ཆོད་འཇོག་རྒྱའི་རྒྱབ་སྐྱོར་གནང་འདུག
ཨོ་རི་སའི་མངའ་སྡེར་ཉིན་ལྔའི་ནང་ནས་ཉིན་མཐའ་མ་གཉིས་རིང་ལ་མངའ་སྡེའི་གཞུང་འཛིན་ཚོགས་པས་རྒྱབ་སྐྱོར་ཡོང་བའི་ལས་འགུལ་བརྩམས་ཤིང་། མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཤོག་ཁག་འགོ་ཁྲིད་སྐུ་ཞབས་པྲ་བྷཏ་ཏྲི་པཋི་(Shri.Prabhat Tripathy,MLA,chief whip)ནས་སྣེ་བསུ་གཟབ་རྒྱས་དང་འབྲེལ། ཁོང་གི་ཚོགས་པའི་ངོས་ནས་དེ་འདྲའི་གྲོས་ཆོད་གྲོས་འཆར་ཞིག་སླེབས་པ་ཡིན་ན། ཁོང་རང་ཚོའི་ཚོགས་པའི་ནང་གྲོས་ཚོགས་གོང་འོག་གཉིས་སུ་འཐུས་མི་ ༢༢ ཡོད་པ་ཚང་མས་རྒྱབ་སྐྱོར་གནང་དགོས་པའི་བཀོད་ཁྱབ་ང་ཚོའི་མདུན་དུ་གནང་སོང་། (གྲོས་ཚོགས་འོག་མར་ ༡༦ དང་གོང་མར་ ༦)ཚོགས་པ་དེ་གའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷཡེཤ་ནབ་པ་རི་དཱ་(Baishnap Parida)ནས་སྤྱི་ཚོགས་རིང་ལུགས་ཚོགས་པ་(Samajwadi party)ལ་སོགས་ནས་རྒྱབ་སྐྱོར་ཡོང་བའི་ཐབས་ཤེས་བྱ་རྒྱུ་ཡིན་གནས་ཞལ་བཞེས་གནང་ཡོད། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་དོ་ཕོག་བཏང་ན་འགྲིགས་ཀྱི་མེད་པ་དང་། དེ་སྔ་ཁོང་རང་དམར་ཤོག་ཚོགས་པའི་ནང་དུ་ཡོད་ནའང་བོད་ཀྱི་གནད་དོན་དང་གནད་དོན་གཞན་འགར་བརྟེན་ནས་དམར་ཤོག་ཚོགས་པ་བཞག་ནས་ཚོགས་པ་འདིར་བཞུགས་སྐོར་གསུངས་ཡོད།
ཕྱོགས་འགལ་ཚོགས་པ་སྟེ་མངའ་སྡེའི་ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཤོག་ཁག་འགོ་ཁྲིད་སྐུ་ཞབས་པྲ་སད་ཧ་རི་ཅནྡ་རན་(shri.Prasad Harichandaran) གྱིས་མངའ་སྡེ་དེ་ནས་ཁོང་རང་ཚོའི་ཚོགས་པའི་ནང་དབུས་ཀྱི་གྲོས་ཚོགས་གོང་འོག་ཏུ་འཐུས་མི་བདུན་ཡོད་པས་དེ་དག་ལ་རྒྱབ་སྐྱོར་གནང་དགོས་པའི་བཀོད་ཁྱབ་གཏོང་རྒྱུ་ཡིན་པའི་ཞལ་བཞེས་དང་།(གྲོས་ཚོགས་འོག་མ་ལ་ ༦ དང་གོང་མར་ ༡) ཁོང་གིས་བོད་མིའི་འགོ་ཁྲིད་ཚོར་ལམ་སྟོན་གནང་དོན་དུ། གཞུང་དང་སྒྲིག་འཛུགས་ཁག་ནས་ནུས་པ་དང་ལྡན་པའི་རྒྱབ་སྐྱོར་ཐོབ་ཐབས་སུ་རྒྱལ་སྤྱིའི་ནང་ཐབས་བྱུས་དང་ལྡན་པའི་བོད་དོན་ལས་འགུལ་སྤེལ་དགོས་པ་དང་། ཁྱེད་རང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་རྒྱ་དམར་གཞུང་ནས་བོད་མིར་མང་གཙོའི་ལམ་ལུགས་དང་འགལ་བའི་གདུག་རྩུབ་དང་མནར་གཅོད་ཚད་བྲལ་བཏང་དང་གཏོང་བཞིན་པ་རྣམས་འཛམ་གླིང་གི་དབུ་ཁྲིད་རྣམས་ནས་མཁྱེན་པར་བཟོས་ཏེ་མཉམ་རུབ་ཀྱི་ནུས་པ་འཐོན་ཐབས་ལ་འབད་དགོས་ཞེས་བཀའ་གནང་། མངའ་སྡེའི་སྦི་ཇེ་པིའི་ཚོགས་པའི་ཚོགས་གཙོ་བློན་ཆེན་ཟུར་པ་སྐུ་ཞབས་ཇཱོལ་ཨོ་རམ།(Mr.Jual Oram,State BJP President)དང་། ཚོགས་གཙོ་གཞོན་པ་དང་ཚོགས་པའི་མགྲིན་ཚབ་པ་ཨ་ཤོག་ས་ཧུ།(Mr.Ashok Sahu,Vice President & Spokesperson BJP) བཅས་མཇལ་འཕྲད་ཞུས་པའི་སྐབས། ཁོང་རྣམ་གཉིས་ནས་སྦི་ཇེ་པི་ཚོགས་པའི་ངོས་ནས་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། རྒྱ་ནག་ལའང་གནོད་ཤུགས་སྤྲད་ཡོད་ཅེས་པ་དང་། མ་འོངས་པར་ཡང་རྒྱལ་སྤྱིའི་གླེང་སྟེགས་དང་རྒྱལ་ནང་བཅས་པར་བོད་དོན་གནས་ཚུལ་བརྒྱུད་བསྒྲགས་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་གསུངས།
ཉིན་མཐའ་མར་གསར་འགོད་ལྷན་ཚོགས་ཤིག་ཚོགས་པར་དེ་ཉིན་ཚོད་དཔག་ལས་ལྷག་པའི་གསར་འགོད་པ་ཕེབས་འདུག་པ་དང་ཐུགས་སྣང་ཇེ་ཆེའི་ཐོག་ནས་དྲི་བ་མང་དག་ཅིག་བཏང་བྱུང་། མདོ་དོན་ཨོ་རི་སའི་ནང་ཉིན་ལྔའི་ཞུ་གཏུག་ལས་འགུལ་སྐབས་སྲིད་སྐྱོང་གཙོ་བོར་གྱུར་པའི་ཆབ་སྲིད་པ་དང་། གཞུང་ཞབས་པ། ལས་འགུལ་བ། མཁས་དབང་སོགས་སྡེ་ཚན་འདྲ་མིན་ལ་ཞུ་གཏུག་གིས་ལས་འགུལ་མཇུག་སྒྲིལ་གནང་སྟེ་་ཆ་ཏིས་སྒར་གྱི་རྒྱལ་ས་ར་ཡེ་སྤུར་ལ་ཕྱི་ཚེས་ ༡༧ ཉིན་འདུག་པ་བཅས། །