༢༠༡༣ ཟླ་ ༡ ཚེཚེས་ ༨ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་ཞུ་གཏུག་གི་ལས་འགུལ་གྲུབ་མཚམས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་འབྱོར་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་གྱི་སྔ་དྲོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྒྱལ་སྲས་ཝིར་བྷ་རྡར་སིངྒ་(Virbhadra Singh)མཆོག་མཇལ་འཕྲད་ཀྱིས་རྒྱལ་སྲས་མཆོག་གསར་དུ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་བར་འཚམས་འདྲི་དང་། ལྷག་དོན་བོད་ནང་རང་ལུས་མེར་སྲེག་གིས་མཚོན་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་བོད་ནང་ལག་བསྟར་བྱེད་བཞིན་པ་དེ་དག་ལ་གཞུང་མང་གཉིས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད། སྤྱི་ཁྱབ་བློན་ཆེན་མཆོག་གིས་མཛའ་བརྩེ་ཆེན་པོས་འཚམས་འདྲི་དང་འབྲེལ་ཁོང་ཉིད་ནམ་ཡང་བོད་པའི་བདེ་སྡུག་དང་མཉམ་དུ་ཡོད་སྐོར་སོགས་ཀྱི་བཀའ་མོལ་གནང་ཡོད།
དེ་བཞིན་མངའ་སྡེའི་ཡོང་འབབ་ཁྲལ་བསྡུ་ལས་ཁུངས་ཀྱི་བློན་ཆེན་སོགས་ས་གནས་ཀྱི་གནད་ཡོད་ཁག་གཅིག་ལ་མཇལ་འཕྲད་ཀྱིས་ཞུ་གཏུག་གི་དགོས་འདུན་ཁག་གསལ་བཤད་གནང་ཡོད། མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་རྡ་སར་ཚོགས་འདུར་ཕེབས་སྐབས་མཇལ་འཕྲལ་བྱུང་མེད་ཀྱང་། འབྲེལ་ཡོད་ཀྱི་ཐོག་ནས་བོད་མིའི་དགོས་འདུན་ཞུ་ཡིག་ཁག་ཕུལ་ཡོད་འདུག ཕྱི་ཚེས་ ༤ ཉིན་ཕྱེད་ཡོལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་གསར་འགོད་པ་བཞི་བཅུ་ལྷག་གིས་དོ་སྣང་ཆེན་པོས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་བབ་ཀྱི་སྐོར་དང་། རྒྱ་ནག་གཞུང་གིས་ཆུ་བོ་ཁ་བསྒྱུར། དེ་བཞིན་མཐོ་སྒང་འབག་བཙོག་གི་ལས་འགུལ་ལ་བརྟེན་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་གང་འདྲ་འབྱུང་མིན་སྐོར་སོགས་ཀྱི་དྲི་བ་དྲིས་ལན་གནང་ཡོད་འདུག
ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་འོག་སེར་སྐྱ་མི་མང་མཉམ་ཞུགས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་སྐབས་ཧི་མ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བེ་རྡེ་ཡ་ས་སྒར་ནེ་གེ་ལགས་ཀྱིས་རྒྱ་གར་དང་བོད་པའི་རིག་གཞུང་གི་འབྲེལ་ལམ་དང་། རྒྱ་གར་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་རྒྱས་པར་གནང་ཡོད། དེ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་སྐད་ཐོག་མི་མང་ལ་གསུང་བཤད་དང་བུ་མོ་བསྟན་འཛིན་ལགས་ཀྱིས་ཧིན་སྐད་ཐོག་གསུང་བཤད་གནང་། དེ་རྗེས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ་ལས་འགུལ་གྲུབ་ཡོད། ཕྱི་ཚེས་༥ ཉིན་གྱི་སྔ་དྲོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། ཧིན་སྐད་སྐད་བསྒྱུར་བ་བསྟན་འཛིན་སོགས་བྱང་ཕྱོགས་ཞུ་གཏུག་ལས་འགུལ་བ་རྣམས་སྡེ་རན་ལྡུན་ཁུལ་དུ་བསྐྱོད་ཡོད་པ་དང་། ཕྱི་ཚེས་ ༥ ནས་ས་གནས་དེར་ཞུ་གཏུག་ལས་འགུལ་འགོ་འཛུགས་གནང་འདུག་པ་བཅས། །