༢༠༡༣ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་མདུན་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་དགྱེས་བརྩེ་ཆེན་པོའི་ཐོག་ནས་བཀའ་སློབ་དང་སློབ་གཉེར་ཁང་ནས་དཔར་དུ་སྐྲུན་པའི་ཕྱག་དེབ་གསར་པ་ཁག་གཅིག་དབུ་འབྱེད་བཀའ་དྲིན་ཆེ་བ་མཛད་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་ཡོད་ས་གནས་ཀྱི་རྒྱ་གར་སྐུ་མགྲོན་རྣམ་པ། སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༩༠༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་མཆོག་བཞུགས་གནས་ཕོ་བྲང་ནས་སློབ་གྲྭའི་ངེས་སྟོན་པས་སྤྱན་རྒྱ་སྤོས་སྣེས་གདན་ཞུས་ཀྱི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་མཇལ་དར་རྐྱང་འབུལ་ཞུས་རྗེས་སློབ་གཉེར་བ་བུ་མོ་ཁག་གཅིག་ནས་ལེགས་སྦྱར་དང་བོད་སྐད་ཐོག་ཤིས་བརྗོད་ཕུལ་ཟིན་མཚམས། སློབ་ཕྲུག་ཕོ་མོ་ཁག་གཅིག་ནས་གཙུག་ལག་སློབ་གྲྭའི་ཐུན་མིན་རིགས་ཀྱི་གླུ་དབྱངས་ཕུལ་སྒྲུབ་བསྟུན་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་བསྟན་བསམ་གཏན་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས། དེ་ནས་༸གོང་ས་མཆོག་གིས་གཙུག་ལག་སློབ་གཉེར་ཁང་ནས་གསར་དུ་དཔར་སྐྲུན་ཞུས་པའི་དཔེ་དེབ་ཁག་གཅིག་ཞལ་ཕྱེ་བཀའ་དྲིན་བསྐྱངས་པ་དང་སྦྲགས། བཀའ་སློབ་གསུང་གི་བདུད་བརྩི་སྩལ་གནང་མཛད་དོན།
དེ་རིང་ང་ཚོ་འདི་གར་ལོ་མང་རིང་ཕལ་ཆེར་མི་རབས་གཉིས་ཙམ་བརྗོད་དགོས་པ་རེད། དེ་ལྟ་བུའི་ང་ཚོ་བོད་ཀྱི་མཁས་དབང་དང་། དེ་བཞིན་རྒྱ་གར་མཁས་པ་མང་དག་ཅིག་གིས་དཀའ་ལས་བརྒྱབ་ནས་ང་ཚོའི་མི་རབས་གཅིག་གི་རྗེས་ལ་གཅིག་གིས་མཐུད་དེ་རྒྱ་བོད་མི་སྣ་མང་པོ་ཞིག་གིས་དཀའ་ལས་བརྒྱབ་སྟེེ། ཡར་རྒྱས་ཀྱི་ངོ་བོ་ལྡན་པའི་འདི་གའི་གཙུག་ལག་སློབ་གྲྭའི་མཛད་སྒོ་ཚུགས་ནས་དཔེ་དེབ་ཁག་དབུ་འབྱེད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ལས་བསྡོམས་ནང་གསུངས་ཡོད་པ་དེ་དག་ལོ་ནས་ལོ་བསྟུད་པའི་གྲྲུབ་འབྲས་དང་བྱས་རྗེས་མིག་མཐོང་ལག་ཟིན་བྱུང་ཡོད་པས་ཧ་ཅང་ཡག་པོ་རེད། ཁྱེེད་རང་ཚོ་འབྲེལ་ཡོད་ཚང་མས་དཀའ་ལས་བརྒྱབ་སྟེ་གྲུབ་འབྲས་ཐོན་ཡོང་གི་ཡོད། ཧ་ཅང་ཡག་པོ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོང་དུ་ངག་དབང་བསམ་གཏན་གྱིས་བཤད་པ་ལྟར་ཡར་རྒྱས་འགྲོ་རྒྱུར་མཐའ་མེད། དེར་བརྟེན་ད་དུང་མུ་མཐུད་ནས་འབྲེལ་ཡོད་ཚང་མས་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་ང་རང་ཚོའི་གོམས་གཤིས་ལ་ལོ་ཡུན་གང་ཙམ་ཞིག་སོང་རྗེས་འཆར་ཅན་ཐོག་འགྲོ་རྒྱུ་མ་གཏོགས་གསར་གཏོད་གང་ཞིག་བྱ་རྒྱུ་འདུག དེ་བཞིན་མུ་མཐུད་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱ་རྒྱུ་ག་རེ་འདུག དེའི་ཐོག་ལྷོད་གཡེང་ཤོར་རྒྱུ་ཞིག་ཡོང་གི་ཡོད།
དེར་བརྟེན་ཚང་མས་ང་ཚོའི་དམིགས་ཡུལ་ཆེན་པོ་ཆགས་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པའི་དཔལ་ན་ལེནྡྲའི་མཁས་དབང་ཚོའི་ལྟ་གྲུབ་ཟེར་ནའང་མི་འདུག གང་ལྟར་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་མང་པོ་ཞིག་སྔོན་གྱི་མཁས་དབང་ཚོས་མཛད་པའི་ལེགས་བཤད་ཙམ་མ་ཡིན་པར། ད་ལྟ་དུས་རབས་ཉེར་གཅིག་ནང་འབྲེལ་བ་ཡོད་པའི་ལྟ་གྲུབ་མང་དག་ཅིག་ཡོང་གི་ཡོད། དེ་རིང་ཁ་སང་གི་དུས་ཚོད་ལ་ཆོས་ལ་དད་པ་དང་དོ་སྣང་མེད་མཁན་གྱི་ནང་ནས་ནང་པའི་ལྟ་གྲུབ་ཅེས་བརྗོད་སྐབས་དེར་དོ་སྣང་བྱ་རྒྱུ་ཞིག་ཆགས་ཀྱི་འདུག དེ་ལྟ་བུའི་ལྟ་གྲུབ་དེ་ཕལ་ཆེར་ང་ཚོས་ངག་རྒྱལ་བྱས་ན་བཤད་པ་མ་རེད། དངོས་ཡོད་གནས་ཚུལ་ཐོག་ཞིབ་འཇུག་བྱས་ན། བོད་གངས་ཅན་ལྗོངས་ལ་འདས་པའི་ལོ་སྟོང་ཕྲག་རིང་ལ་མཁན་ཆེན་ཞི་འཚོ་ཡབ་སྲས་ནས་སློབ་གཉེར་བྱ་རྒྱུའི་ལམ་སྟོན་ཞིག་གནང་སྟེ། བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་སྲོལ་བཟང་པོ་ཞིག་ང་ཚོ་བོད་མི་རིགས་ཀྱིས་བཟུང་ཡོད། དེང་སང་གཞི་ནས་བསྡུར་སྐབས་ང་ཚོའི་མི་རབས་ནས་མི་རབས་བདག་པོ་བརྒྱབ་པའི་དངོས་པོ་དེ་རིན་ཐང་ཡོད་པ་ཞིག་མཐོང་ཐུབ་རྒྱུ་རེད་འདུག ང་ཚོར་སྐྱོན་ཆ་གཅིག་ནི་དེ་སྔ་ཕན་ཆད་ང་ཚོ་ནང་ཁུལ་དུ་སློབ་གཉེར་བྱས་གང་ལྟར་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཤེས་པ་ཙམ་དུ་མ་ཟད། ལག་ལེན་བསྟར་ཏེ་ཉམས་མྱོང་ཐོན་ཡོད་པ་དེ་འདྲ་ཡོང་གི་ཡོད། འོན་ཀྱང་དེ་ཕྱིར་མངོན་ཐུབ་ཀྱི་མེད།
དཔེར་ན། ང་ཚོའི་རིས་མེད་ཀྱི་བཤད་གྲྭ་ཁག་ཆེ་ཤོས་བརྩིས་ན། གདན་ས་སེར་འབྲས་གསུམ་ཕལ་ཆེར་བཤད་གྲྭ་ཆེ་ཤོས་ཆགས་ཡོད། དེ་དག་ནང་འདས་པའི་ལོ་ལྔ་བཅུ་ཙམ་ཞིག་རིང་ལ་ང་ཚོས་སློབ་གཉེར་མུ་མཐུད་ནས་བྱས་ཡོད། མི་རབས་ཕལ་ཆེར་གཉིས་གསུམ་ཙམ་འགྲོ་གི་ཡོད། འོན་ཀྱང་ད་ལྟ་ཕྱིར་འབྲེལ་བ་རྒྱ་ཆེན་པོ་བྱེད་ཐུབ་ཀྱི་མི་འདུག དེར་བརྟེན་ཝ་ར་ཎཱ་སི་གཙུག་ལག་སློབ་གྲྲྭ་དེང་དུས་ཀྱི་ཤེས་ཡོན་འགྲོ་སྟངས་ལྟར། སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་དེར་རྒྱ་གར་གཞུང་ནས་ཧ་ཅང་ཐུགས་ཁུར་བཞེས་ཡོད། ད་ཆ་ཝ་ཎཱར་གཙུག་ལག་སློབ་གཉེར་ཁང་གི་མིང་ཞིག་སླེབས་ཡོད་པར་བརྟེན་ཕྱིར་འབྲེལ་བ་བྱ་རྒྱུའི་ཆ་རྐྱེན་ཡོད་སྟབས། དམིགས་བསལ་གྱི་ཁྱད་ཆོས་ཤིག་ཆགས་འདུག དེའི་ནང་དུ་ཡོད་པའི་དགེ་སློབ་ཚོའི་ཤེས་ཚད་གང་ཡིན་རུང་མིན་རུང། ཚོགས་པའི་ཆ་ནས་ཕན་ཚུན་འབྲེལ་བ་བྱ་རྒྱུ་སྟབས་བདེ་དང་འབྲེལ་བ་རྒྱ་ཆེ་བ་བྱ་རྒྱུ་ཡོང་གི་ཡོད། དེ་གང་ལྟར་ང་ཚོར་དམིགས་བསལ་གྱི་གོ་སྐབས་ཤིག་རེད། ལོ་སྟོང་ཕྲག་རིང་ང་ཚོས་བདག་པོ་བརྒྱབ་པའི་ཤེས་ཚད་ཡོད་པ་དེ་དག་དེང་སྐབས་འཛམ་གླིང་སྟེང་ཕར་ང་ཚོས་ཆོས་ལུགས་སྤེལ་རྒྱུའི་སྐད་ཆ་མ་རེད། ཁ་སྔོན་ཞུས་པ་ལྟར། ང་རང་ཚོའི་སངས་རྒྱས་ཀྱི་གཞུང་ནང་མིར་ལམ་སྟོན་བྱ་རྒྱུ་ཞིག་ཡོད་པའི་ནང་ནས་སྤྱི་ལ་ཕན་ཐོགས་ག་རེ་བྱ་རྒྱུ་འདུག་དེ་ང་ཚོའི་ལས་འགན་རེད།
དེང་སྐབས་འཛམ་གླིང་འདིའི་སྟེང་ཧ་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་སོགས་ཚད་ལོང་བའི་གཙུག་ལག་སློབ་གཉེར་ཁང་དེ་དག་དངོས་གནས་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་གཙོ་བོ་རེད་འདུག་མ་གཏོགས་ནང་བསམ་བློ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་མི་འདུག ང་ཚོར་དེ་ཡོད། ཅ་ལག་ལྟ་བུར་ཆ་བཞག་ན་ང་ཚོར་ཅ་ལག་རྒྱུ་ཆ་སྤུས་དག་ཡོད་ཀྱང་བཟོ་བཀོད་དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་མི་ཡིད་དབང་འཕྲོག་རྒྱུ་གསལ་པོ་ཞིག་ད་ལྟ་ང་ཚོར་མེད་པ་ལྟ་བུ་རེད། རྒྱུ་གསེར་ལས་བཟོས་པ་རེད། འོན་ཀྱང་འཁོབ་ཏོ་ཆགས་ཡོད་པ་དེ་ལྟར་ཡིན་སྟབས།
ང་ཚོ་འདིར་དེང་དུས་ཀྱི་ཤེས་ཡོན་དང་ང་ཚོ་རང་ཉིད་ཀྱི་ཁྱད་ནོར་དེ་དག་ཤེས་པ་བྱེད་དགོས། དེ་གཉིས་ཤེས་མཁན་ཞིག་གིས་མུ་མཐུད་ཞིབ་འཇུག་བྱ་རྒྱུ་རེད་མ་གཏོགས་འཆར་ཅན་གྱི་སྐད་བཤད་ནས་སྡོད་རྒྱུ་མིན། རང་ལྟ་ཕྱོགས་འཛིན་བྱས་ཏེ་ང་ཚོར་ཚང་མ་ཡོད་མདོག་མིན་པར་གཞན་ནས་ལེགས་བཤད་དང་རྣམ་དཔྱོད་རིགས་ཚུར་ལེན་དགོས། ང་ཚོའི་ནང་དུ་ཡོད་པ་དེ་དག་ཀྱང་ང་ཚོ་ཕན་ཚུན་གོ་བསྡུར་བྱས་ཏེ་གང་ལྟར་འདི་གར་ཡོད་པའི་བསྟི་གནས་འདི་ཕལ་ཆེར་ཆེ་ས་ནས་བཤད་ན། འཛམ་གླིང་འདིའི་མིའི་བསམ་བློའི་ཡར་རྒྱས་གཏོང་རྒྱུར་གང་ཙམ་གྱི་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད། གཉིས་ནས་བོད་མི་རིགས་ཀྱི་ཆ་ནས་བཤད་ནའང། དེ་བོད་པའི་རིག་གཞུང་རེད་བརྗོད་རྒྱུར་སླེབས་སྐབས། བོད་མི་རིགས་ཀྱི་ཞབས་འདེགས་རླབས་ཆེན་པོ་ཞིག་བསྒྲུབ་ཐུབ་ཡོད། བོད་པ་རང་ཉིད་ངོས་ནས་བཤད་ནའང། རང་ཉིད་ཀྱི་ལོ་སྟོང་ཕྲག་རིང་གི་རིག་གཞུང་བདག་པོ་རྒྱག་སྟངས་དེ་མཆོད་ཤོམ་བསྒྲིགས་ཏེ་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་གི་བཟོ་བཀོད་བཟོས་པ་ལྟ་བུར་བདག་པོ་བརྒྱབ་པ་ཞིག་མ་རེད། སློབ་སྦྱོང་བྱས་ནས་བདག་པོ་རྒྱག་དགོས།
ངོས་ཀྱིས་ནམ་རྒྱུན་ནས་ཤོད་བཞིན་པའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཙམ་དང་དགོངས་འགྲེལ་རིས་སུ་མ་ཆད་པའི་མཁས་གྲུབ་ཚད་ལྡན་མང་པོ་ཞིག་གིས་བརྩམས་པའི་གཞུང་དེ་དག་ང་ཚོ་བོད་ཀྱི་རིག་གཞུང་ངོ་ཐོག་ཆགས་ཀྱི་ཡོད། དེར་རང་ཉིད་ཀྱིས་སློབ་སྦྱོང་བྱས་ནས་བདག་པོ་རྒྱག་དགོས། རང་ཉིད་ཀྱི་རྒྱུད་ལ་དེ་དག་ཚང་བ་བྱས་ནས་བདག་པོ་རྒྱག་དགོས་པ་རེད་མ་གཏོགས་དཔེ་ཆ་རྩ་ཆེན་པོ་ཞིག་ཕ་ཕྱོགས་དེར་བཞག་ནས་བདག་པོ་བརྒྱབ་པ་མིན། དེར་བརྟེན་ད་ལྟ་འདིར་ཁྱེད་རང་ཚོར་སྒྲིག་འཛུགས་ཡོད་པ་འདིས་སོ་སོའི་མི་རིགས་རང་ཉིད་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་བདག་པོ་རྒྱག་མཁན་ཆགས་ཡོད།
དེར་བརྟེན་ཧ་ཅང་གནད་འགག་ཆེན་པོ་ཆགས་འདུག ངོས་ཀྱིས་རྒྱུན་དུ་འདི་ཤོད་ཀྱི་ཡོད། ནང་ཆོས་གཅིག་པུའི་ལྟ་གྲུབ་དེ་ནང་པ་དང་འབྲེལ་བ་ཡོད་པའི་དོན་དག་རེད་མ་གཏོགས་(Comparative Study)བྱེད་མཁན་ཚོར་ཕན་ཐོགས་ཁ་པོ་རེད་མ་གཏོགས་གཞན་འབྲེལ་དེ་ཙམ་མེད་པ་ལྟ་བུ་འདུག བཀའ་འགྱུར་བསྟན་འགྱུར་ནང་དུ་ནང་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཚན་རིག་དང་རྟེན་འབྱུང་ལྟོས་གྲུབ་དེ་དག་འཛམ་གླིང་སྤྱི་ལ་འབྲེལ་བ་ཡོད་པ་ཞིག་རེད། ཆོས་དད་ཡོད་རུང་མེད་རུང་ཆོས་གང་ཡིན་ནའང་གནས་ཚུལ་ཐ་དད་རེད། འཇིག་རྟེན་བཀོད་པ་པོ་ཆོས་དད་ཡོད་རུང་མེད་རུང་། ཆོས་གང་ཡིན་ནའང་དེ་གནས་ཚུལ་ཐ་དད་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྟག་པ་རང་བྱུང་གི་སྐྱེས་བུ་འདོད་པའི་ཆོས་ཤིག་ཡིན་ནའང་འདྲ། རྒྱུ་འབྲས་(Law of causality) ཤོད་མཁན་གྱི་ཆོས་ལུགས་ཡིན་ནའང་འདྲ་དེ་གནས་ཚུལ་ཐ་དད་རེད། སྤྱི་ལ་ཁྱབ་ཐུབ་པ་དེ་ཡང་ཆོས་ཀྱི་རྣམ་འགྱུར་མིན་པར་ཤེས་ཡོན་དང་རིག་གཞུང་གི་རྣམ་འགྱུར་གྱི་ཐོག་ནས་ང་ཚོ་འགྲོ་ཐུབ་རྒྱུ་ཞིག་དགོས་ཀྱི་འདུག ད་ལྟ་ཡ་རབས་ཞེས་བཤད་པ་དེ་འཛམ་གླིང་འདིའི་ནང་བདེ་སྐྱིད་ཡོང་རྒྱུར་སྒེར་པ་སོ་སོ་དང། ཁྱིམ་ཚང་། སྤྱི་ཚོགས་ཡིན་ནའང་འདྲ། བདེ་སྐྱིད་ཀྱི་རྩ་བ་དེ་སེམས་འདུལ་མ་འདུལ་དང་ཡ་རབས་ལ་ཐུག་ཡོད། དེར་བརྟེན་ཡ་རབས་ཞེས་པ་དེ་དབང་ཡོད་ཀྱི་ཐོག་ནས་ཁྱོད་ཡ་རབས་བྱེད་ཤོག་ཅེས་བརྗོད་མི་ཐུབ། དཔེར་ན། ང་རང་ཚོའི་ཆོས་ལུགས་ཁག་དེ་དག་ནང་པ་དང། ཧིན་དྷུ། ཡི་ཤུ། ཁ་ཆེ། རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་གིས་བསྟན་པ་དེ་དང་དེས་སློབ་སྟོན་ཞིག་གནང་ཡོད། ཆོས་པའི་མིང་འཁྱེར་ངོ་ཐོག་མི་ཚེ་སྐྱེལ་སྟངས་དེ་ཆོས་མིན་གྱི་བྱ་བའི་མི་ཚེ་སྐྱེལ་མཁན་མང་པོ་འདུག དེ་གང་གི་འགྲིག་གི་མེད་དམ་ཞེ་ན། སྟོན་པ་དེ་དང་འདིས་འདི་ལྟར་བྱེད་དགོས་པ་དང་། འདི་ལྟར་མ་བྱེད་གསུངས་པ་དེར་ཆ་འཇོག་བྱེད་ཀྱི་མེད། གང་ཡིན་ཟེར་ན། སོ་སོའི་སེམས་ཀྱི་ནང་ནས་ཕ་རོལ་པོར་ཡིད་ཆེས་དང་མོས་ཤུགས་ཆེན་པོ་ཞིག་མེད་ན། རང་རང་གི་སྟོན་པས་གསུངས་ཡོད་ཀྱང་། དེ་སྤྱིར་བཏང་ཆོས་ཀྱི་འགྲོ་སྟངས་རེད། ང་རང་ཚོ་ད་ལྟ་ད་ལྟའི་མི་ཚེ་སྐྱེལ་སྟངས་ཐོག་འགྲོ་དགོས་པ་རེད། ཅེས་མང་པོས་འདི་ལྟར་བྱེད་ཀྱི་འདུག
དེར་བརྟེན་ཆོས་ནས་ཕར་བསླབ་བྱ་བརྒྱབ་སྟེ་ཆོས་ནས་གསུངས་ཡོད་པས། འདི་བྱེད་དགོས་རེད་ཅེས་བརྗོད་ན་ཕན་ཐོགས་མེད། བཟང་པོ་དང་ཡ་རབས་བྱས་ན་སོ་སོར་ཕན་གྱི་ཡོད། དེར་ཡིད་ཆེས་དང་ངེས་པ་རྙེད་ན་སུ་ཞིག་ཡིན་རུང་རང་དོན་རང་གཅེས་བྱེད་ཀྱི་རེད། རང་ལ་མ་གཅེས་པ་སུ་ཞིག་ཀྱང་མེད། ཡ་རབས་བྱས་ན་ཇི་ལྟར་ཕན་གྱི་ཡོད་མེད་ལྟ་སྐབས། དེ་དག་སེམས་ཀྱི་འགྲོ་སྟངས་གང་ཙམ་མ་ཤེས་ན། སེམས་ཀྱི་ནང་ནས་སེམས་དཀྲུག་མཁན་གྱི་རིགས་གང་དང་གང་ཡོད་པ། སེམས་ལ་སྙིང་སྟོབས་དང་ཞི་བདེ་བསླབ་རྒྱུའི་རྟོག་པའི་རིགས་གང་འདྲ་ཡོད་མེད་དེ་དག་ཤེས་པ་བྱེད་དགོས།
དེ་ནས་དོ་སྣང་གསར་པ་ཞིག་སླེབས་ཡོང་སྐབས། ཡ་རབས་བྱ་རྒྱུའི་རྩ་བ་དེ་ཁ་དང་ཕྱིའི་རྣམ་འགྱུར་འདྲ་ཆགས་པོ་བྱ་རྒྱུའི་སྐད་ཆ་མིན། སེམས་ཀྱི་ནང་ནས་གཞན་ལ་གུས་བཀུར་དང་བརྩེ་བ་བྱེད་རྒྱུ། གཞན་གྱི་བདེ་སྡུག་དང་རང་གི་བདེ་སྡུག་མཉམ་དུ་འགྲོ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ། གཞན་གྱི་བདེ་སྡུག་གལ་ཆེ་བ་བརྩི་རྒྱུ་དེ་ཡ་རབས་ཟེར་གྱི་ཡོད། དེ་ཡོང་བར་གཙོ་བོ་སེམས་ལ་ཐུག་ཡོད། ཕྱིའི་རྣམ་འགྱུར་གྱི་སྐད་ཆ་མིན། དེར་བརྟེན་དེ་བྱེད་དགོས་རྒྱུ་དེ་ཡང་དགོས་པ་རྒྱུ་མཚན་གྱི་སྒོ་ནས་བྱེད་དགོས་པ་རེད་མ་གཏོགས། བཀའ་བཏང་སྟེ་ཡ་རབས་བྱེད་དགོས་པ་རེད་ཅེས་བརྗོད་རྒྱུ་མེད།
གང་ལྟར་དེ་ཚོའི་གྲས་ལ་མཉམ་ཞུགས་བྱེད་དགོས། ད་ལྟ༌བར་དཔེ་ཆ་བསྒྱུར་བ་དེ་ཚོ་ཧ་ཅང་ཡག་པོ་འདུག རིམ་གཉིས་པ་དེ་གང་ཡིན་བརྗོད་ན། དཔེ་ཆ་འདྲ་མིན་ཡོད་པ་དེ་དག་ནས་རྡོག་སྒྲུག་བརྒྱབ་སྟེ་མིའི་བསམ་བློའི་ལམ་སྟོན་བཟོ་རྒྱུར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དཔེ་ཆ་བསྒྱུར་རྒྱུ་ཁོ་ན་མིན་པར་ལོ་སྟོང་ཕྲག་གོང་ནས་གསུངས་པའི་མཁས་པའི་གསུང་བསྒྱུར་རྒྱུ་གཅིག་པུ་མིན་པར། མཁས་པས་གསུངས་པ་དེ་དག་ལམ་སྟོན་བྱས་ཏེ་ད་ལྟའི་འཛམ་གླིང་འདིའི་དུས་ཚོད་དང་འབྲེལ་ནས་ང་ཚོས་ག་རེ་བྱེད་རྒྱུ་དང་བསམ་བློ་གཏོང་རྒྱུ་ག་རེ་འདུག ཆོས་ལུགས་མཐུན་སྒྲིལ་དང་ཡང་ཆོས་ལུགས་རིས་མེད་ཀྱི་སློབ་གཉེར་(Secular Education) ནང་ང་ཚོའི་ག་རེ་རོགས་བྱེད་རྒྱུ་འདུག དེ་དག་གི་ཐོག་ཞིབ་འཇུག་དང་ཉམས་ཞིབ་མང་ཙམ་བྱས་པའི་ཐོག་བློ་བསྐྱེད་རྒྱུ་ཕྲན་བུ་གཏོང་ཐུབ་ན་ཡག་པོ་ཡོད། གཞན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། དེ་ནས་གཙུག་ལག་སློབ་གྲྭའི་རྒྱ་གཞུང་སློབ་ཁྲིད་གནང་མཁན་སློབ་དཔོན་ཆེན་པོ་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།