༢༠༡༣ ཟླ་ ༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ཝར་ཎྰའི་ཆོས་འབྲེལ་ཉིན་གསུམ་པའི་ཕྱི་དྲོའི་ཆོས་ཐུན་མ་གྲོལ་ཁར་བཀའ་སློབ་ཕེབས་དོན། སང་ཉིན་བཀའ་ཆོས་ཀྱི་ཉིན་མཐའ་མར་སྔ་དྲོ་ཐུགས་རྗེ་ཆེན་པོའི་དབང་དང་སྔོན་འགྲོ་སེམས་བསྐྱེད་བྱ་རྒྱུ་ཡིན། དེའི་སྔོན་འགྲོ་སྐྱ་བོ་དགེ་བསྙེན་སྒྲུབ་འདོད་ཡོད་པ་ཏན་ཏན་ཡོང་གི་རེད། ནམ་རྒྱུན་མང་ཆེ་བས་ཤེས་གསལ་རེད། ཁྱེད་རང་ཚོ་བོད་དང་ཕྱི་རྒྱལ་ཁག་ནས་ཡོང་བ་འགའ་ཤས་ཡོད། ངོས་ཀྱིས་གསལ་བཤད་བྱེད་རྒྱུར་ཁ་སང་དེ་རིང་སྤྱོད་འཇུག་འཆད་སྐབས་ལེགས་སྦྱར་བཤད་པ་ལྟར་འཆད་ཡོད་པར་བརྟེན། མཐའ་གཅིག་ཏུ་བླ་མ་སློབ་མའི་འདུ་ཤེས་དགོས་རྒྱུ་མེད། ཏཱ་ལའི་བླ་མས་གང་ཤོད་ཀྱི་འདུག་ཉན་བསྡད་ན་འགྲིགས་པ་རེད།
འོན་ཀྱང་སང་ཉིན་ཁྱིམ་པ་ཚོར་ཆ་བཞག་ན་དགེ་བསྙེན་གྱི་སྡོམ་པ་ལེན་རྒྱུ་དང་། དེ་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་རྒྱུ་དང་ཐུགས་རྗེ་ཆེན་པོའི་དབང་བྱ་རྒྱུ་དེ་དག་བླ་མ་དང་སློབ་མའི་འདུ་ཤེས་བཞག་སྟེ་ཉན་དགོས། དེར་བརྟེན་དམ་ཚིག་གཙང་མ་དགོས་རྒྱུ་གལ་ཆེན་པོ་རེད། སྔ་མོ་ངོས་ཀྱིས་ཤུགས་ལྡན་ལ་ཡིད་ཆེས་བྱས་ཏེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་པ་རེད་བསམས་ཏེ་བསྟན་པ་ཡིན། དེ་ནས་རྒྱ་གར་ལ་ཚུར་སླེབས་རྗེས་གནས་ཚུལ་དེར་གཞི་ནས་དོགས་པ་སྐྱེས་བྱུང་། རྒྱལ་པོ་ཤུགས་ལྡན་གྱི་ལོ་རྒྱུས་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་འགོ་ཚུགས་པར་བརྟེན། ༸གོང་ས་ལྔ་པ་རྒྱུས་ཡོད་ཆེ་ཤོས་རེད། ༸གོང་ས་ལྔ་པའི་གསུང་ནང་ལྟ་སྐབས་རྒྱལ་པོ་ཤུགས་ལྡན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་གསུངས་འདུག ༸རྒྱལ་བ་ལྔ་པས་ངོས་འཛིན་གང་འདྲ་གནང་གི་ཡོད་དམ་ཞེ་ན། རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བར་འཚེ་བར་བྱེད་མཁན་ཞིག་གནང་ཡོད། དེ་ལྟ་བུ་ཞིག་བསྟན་པའི་ཆོས་སྐྱོང་སྲུང་མ་ཆོས་སྐྱོང་ལ་བསྟེན་པ་ཡིན་ན་ཡག་པོ་མི་འདུག གང་ཟག་རྟོགས་པ་མཐོ་པོས་ལྷ་དང་། ཀླུ་དང་གནོད་སྦྱིན། བདུད་བྲན་ཏུ་བཀོལ་རྒྱུ་ཡོང་གི་ཡོད་པ་གནས་ཚུལ་ཁག་ཁག་རེད། ང་ཚོར་དེ་འདྲའི་རྟོགས་པ་མེད་མཁན་ཞིག་གི་ལྷ་དང་སྲུང་མ། ཆོས་སྐྱོང་རེད། ཅེས་གསོལ་ན་ནོར་འཁྲུལ་རེད། དེར་བརྟེན་ངོས་ཀྱིསགནས་ཚུལ་དེ་ཆ་ཚང་རྟོགས་རྗེས་ཡོངས་འཛིན་རྣམ་པ་གཉིས་ལ་དེ་དག་གི་གནས་ཚུལ་ཆ་ཚང་ཞུས་སྟབས། ཡོངས་འཛིན་རྣམ་པ་གཉིས་ཀྱིས་དགོས་པ་དང་རྒྱུ་མཚན་འདུག ཅེས་གསུངས་བྱུང་། གླིང་རིན་པོ་ཆེ་རྩ་བ་ནས་བསྟེན་གནང་གི་མེད། ཁྲི་བྱང་རིན་པོ་ཆེ་ཤུགས་ཆེན་པོ་བསྟེན་གནང་གི་ཡོད། འོན་ཀྱང་ངོས་ཀྱིས་རྒྱུ་མཚན་དེ་དག་ཞུ་སྐབས་རྒྱུ་མཚན་ཏན་ཏན་འདུག་གཙང་མ་བཞག་ན་འགྲིགས་ཀྱི་འདུག ཅེས་ཁྲི་བྱང་རིན་པོ་ཆེ་རང་གིས་ངོས་ལ་བཀའ་སློབ་གནང་བྱུང་། དེར་བརྟེན་ངོས་ཀྱིས་གཙང་མ་བཞག་པ་རེད། སྐབས་དེར་ངོས་ཀྱིས་མཚམས་བཞག་པ་མ་གཏོགས་གཞན་དག་ལ་སྐད་ཆ་ཤོད་རྒྱུའི་རྩིས་མེད། འོན་ཀྱང་གཙོ་བོ་བྱང་རྩེ་གྲྭ་ཚང་ལ་དཀའ་ངལ་འཕྲད་རྗེས་སྐྱབས་རྗེ་རིན་པོ་ཆེར་ཐུགས་དམ་ཞུ་སྐབས། བྱང་རྩེ་གྲྭ་ཚང་གི་དཀའ་ངལ་དེ་སྲུང་མ་འཁོན་པའི་བར་ནས་བྱུང་འདུག ཅེས་ཁྲི་བྱང་རིན་པོ་ཆེས་ངོས་ལ་བཀའ་གནང་བྱུང་། དེ་ནས་བྱང་རྩེ་གྲྭ་ཚང་གི་ངོས་ལ་སྐད་ཆ་དྲིས་ངོས་ཀྱིས་ཟན་བརྟག་བསྒྲིལ་སྐབས། རྒྱལ་པོ་ཤུགས་ལྡན་བསྟེན་པའི་དབང་གིས་ལྷ་མོ་འཁོན་པ་དེ་གསལ་པོ་དང་རྒྱུ་མཚན་གཞན་དག་ཀྱང་མང་པོ་ཡོད། ཤུགས་ལྡན་བསྟེན་ན་ལྷ་མོ་འཁོན་གྱི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེ་བཞིན་རྒྱལ་པོ་སྐུ་ལྔ་དང་འཁོན་གྱི་འདུག གང་ལྟར་སྐྱོན་ཡོད་པར་བརྟེན། བྱང་རྩེ་གྲྭ་ཚང་ལ་བརྗོད་ནས་གནས་ཚུལ་དེ་དམ་བསྒྲགས་བྱེད་རྒྱུ་ཆེ་རུ་ཕྱིན་པ་རེད།
ལྷག་པར་བོད་ནང་ལ་དཀྲོག་གཏམ་བཤད་དེ་༸རྒྱལ་བ་རིན་པོ་ཆེས་རྙིང་མར་སྤྲེལ་ལད་འཁྲབ་སྟེ་བྱས་པ་རེད། ཅེས་པའི་སྐད་ཆ་དེ་འདྲ་སླེབས་འདུག ཡང་འགའ་ཤས་ཀྱིས་དྲང་དོན་རེད། ངེས་དོན་མ་རེད་བརྗོད་རྒྱུའི་སྐད་ཆ་བཤད་དེ་མིར་མགོ་སྐོར་བཏང་འདུག ངོས་ཀྱིས་བདེན་པའི་གནས་ཚུལ་དེ་དག་ཐོག་མར་ངོས་ཀྱིས་བསྟེན་སྟངས་བར་སྐབས་བཞག་པའི་དགོས་པ་རྒྱུ་མཚན་དེ་དག་འགྲེལ་བཤད་མ་བརྒྱབ་ན། ཕར་ཕྱོགས་ནས་སྐྱག་རྫུན་དངཧམ་པ་བཤད་དེ་མིར་མགོ་སྐོར་བཏང་སྐབས་འགྲིགས་ཀྱི་མི་འདུག རྩ་བའི་དོལ་རྒྱལ་བསྟེན་མ་བསྟེན་ཞེས་པ་དང་ཆོས་བྱས་དང་མ་བྱེད་སོ་སོ་རང་དབང་རེད། གལ་ཏེ་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡིན་ན། ངོས་ཀྱི་རྩ་ནས་སྡོམ་པ་ཞུས་ཏེ་བླ་མ་དང་སློབ་མའི་འབྲེལ་བ་འཇོག་རྒྱུ་དེ་བདེ་པོ་མེད། ཁྱེད་རང་ཚོར་ཡང་ཕན་གྱི་མ་རེད་ལ་ངོས་ལ་ཡང་གནོད་ཀྱི་རེད། དེར་བརྟེན་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡོད་ན། སང་ཉིན་མ་ཡོང་རོགས་བརྗོད་རྒྱུ་ཡིན། ཁྱེད་རང་ཚོར་ངོས་ཀྱིས་བཤད་པ་དེ་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་གི་ཡོད་བརྗོད་ཀྱི་མ་རེད། དང་པོ་བསྟེན་དེ་ནས་ལོ་མང་པོ་ཞིག་གི་བརྟག་དཔྱད་ཞིབ་ཚགས་པོ་བྱས་ཏེ་ཐག་བཅད་པའི་རྒྱུ་མཚན་དེ་ཁྱེད་རང་ཚོས་ཤེས་པའི་ཐོག་ནས་མཚམས་བཞག་པ་ཡིན་ནའང་འགྲིགས་པ་རེད། ད་ལྟ་བར་དུ་དོལ་རྒྱལ་བསྟེན་ད་ཆ་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་ཞེད་སྣང་རྩ་བ་ནས་བྱེད་མི་དགོས།
དེ་སྔ་དོལ་རྒྱལ་བསྟེན་མཁན་ལ་ངོས་ཀྱིས་གནས་ཚུལ་གསལ་བཤད་བྱས་རྗེས་དེ་དག་དགོས་པ་རྒྱུ་མཚན་མཐོང་སྟེ་མཚམས་འཇོག་བྱེད་མཁན་མང་པོ་བྱུང་ཡོད། མཚམས་འཇོག་བྱེད་མཁན་སུ་གཅིག་ལ་གནོད་པ་བྱུང་བའི་ལོ་རྒྱུས་གང་ཡང་མི་འདུག དེར་བརྟེན་ཞེད་སྣང་འཚེར་སྣང་རྩ་བ་ནས་བྱེད་མི་དགོས། ཡང་མཐའ་གཅིག་ཏུ་བསྟེན་གྱི་ཡིན་བརྗོད་ན་སོ་སོའི་རང་དབང་རེད། གང་ལྟར་སང་ཉིན་མ་ཡོང་རོགས། ཞེས་བཀའ་སློབ་སྩལ་ཡོད།