༢༠༡༣ ཟླ་ ༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༤༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧར་གྱི་རྒྱལ་ས་པ་ཊ་ན་ནས་ཆེད་གཏོང་གནམ་གྲུ་བརྒྱུད་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཝཱ་ར་ཎཱ་སིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས།
ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ཆུང་གི་འགན་འཛིན་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས། ས་གནས་རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱི་འགོ་དཔོན་བཅས་བཅར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། དེ་ནས་ཕེབས་འགྲོ་བརྒྱུད་ཆིབས་སྒྱུར་གྱི་གཞུང་ལམ་གཡས་གཡོན་ནས་ཝར་ཎཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྒོའི་བར་ཧི་མ་ལ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་ས་ཕྱོགས་གང་ས་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་གཟབ་རྒྱས་དང་།
དེ་བཞིན་ཝར་ཎཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྒོ་ནས་དཔེ་མཛོད་མདུན་བར་རྒྱ་བོད་གཉིས་ཀྱི་དགེ་ལས་དང་སློབ་ཕྲུག་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུའི་རུ་བསྟར་དང་ཡངས་ཤིང་བཀོད་པ་ལེགས་པའི་སློབ་གྲྭའི་ནང་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱི་མཆོད་པ་བཤམ་སྟེ་ཕེབས་བསུ་དང་ཆུ་ཚོད་ ༣།༡༥ ཐོག་༸རྒྱལ་བའི་ཕོ་བྲང་མདུན་ངོས་སུ་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་སློབ་གཉེར་ཁང་དེའི་སློབ་དཔོན་མི་ཤ་ར་ Prof. K.N_Mishra ལགས་ཀྱི་གཙོས་ དགའ་ལྡན་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། ཁྲང་འགུ་རིན་པོ་ཆེ་མཆོག རྫོང་དགའ་ཆོས་སྡེའི་མཁན་རིན་པོ་ཆེ་མཆོག རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་དང་མཁན་ཟུར་སོགས་དགེ་འདུན་པས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕོ་བྲང་གཟིམ་ཆུང་དུ་གདན་ཞུ་གནང་ཡོད་པ་བཅས་དང་སང་ཉིན་ནས་བཟུང་ཆོས་འབྲེལ་དབུ་འཛུགས་མཛད་རྒྱུ་ཡིན་པ་བཅས།།