༢༠༡༣ ཟླ་ ༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༤ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་གཙོ་སྐྱོང་འོག་འབྲས་ལྗོངས་ལྷོ་རྒྱུད་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་བདེ་སྐྱིད་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༡༠།༢༠ ཐོག་ཀུན་ཕན་གླིང་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཞོན་དབུས་པའི་འཐུས་མི་རྣམ་པ། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁག་ ༡༢ ཀྱི་ས་གནས་འགོ་འཛིན་རྣམ་པ། ར་ཝང་ལ་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཚོགས་མི་རྣམ་པ། དགོན་སྡེ་ཁག་གཉིས་ཀྱི་སྐུ་ཚབ་རྣམ་པ། གཞིས་གྲོང་ཁག་གི་བརྒྱ་དཔོན་རྣམ་པ། ཚོགས་སྐྱིད་ཁག་གི་འཐུས་མི་དང༌། སློབ་གྲྭའི་དགེ་ཆེའི་སྐུ་ཚབ། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་བཅས་སྐུ་མགྲོན་ ༥༠ ལྷག་མཉམ་འཛོམས་བྱུང་བའི་དབུས་སུ། དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་སྣང་གསལ་ཞལ་དབྱེ་དང་བསྟུན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་ས་གནས་ཁྲིམས་ཞིབ་པ་དང༌། ས་འཐུས་ཚོགས་གཞོན། ས་གནས་འགོ་འཛིན་རྣམ་པ་བཅས་ནས་རིམ་བཞིན་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་ཟིན་མཚམས། དགོན་པའི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུངས་ཟིན་པ་དང༌། སློབ་ཕྲུག་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུ་ཆེད་ངག་བཅད་སྐར་མ་གཅིག་རིང་གནང༌།
ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་ནས་ས་ཁྲིམས་ཀྱི་གྲ་སྒྲིག་ལས་དོན་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང༌། དེ་རྗེས་དབུ་འབྱེད་མཛད་སྒོའི་གཙོ་སྐྱོང་བ་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱིར་མང་གཙོའི་ལམ་ལུགས་འགོ་འཛུགས་བྱུང་སྟངས་དང་སྒོས་སུ་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ། ས་གནས་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱི་དགོས་དམིགས་དང་བྱུང་རིམ། དེ་དག་གིས་སྤྱི་ཚོགས་ནང་དྲང་བདེན་དང༌། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡོང་རྒྱུར་ཕན་ཐོགས་ཡོད་ལུགས་སོགས་རྒྱས་པར་གསུངས་ཤིང་ཀུན་ཕན་གླིང་ས་གནས་འགོ་འཛིན་བློ་བཟང་དོན་གྲུབ་ལགས་དང༌། ས་འཐུས་ཚོགས་གཞོན་རིག་འཛིན་རྒྱ་མཚོ་ལགས་ནས་ས་ཁྲིམས་ཀྱི་ལས་དོན་མཐའ་དག་ལམ་འགྲོ་ཡོང་བའི་སྨོན་འདུན་སོགས་གཏམ་བཤད་ཐུང་ངུ་རེ་གནང་། དེའི་རྗེས་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་དྲུང་ཀུན་དགའ་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་སྟེ་མཛད་སྒོ་གྲོལ་བ་དང་། སྐུ་མགྲོན་རྣམ་པར་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་ཀྱང་ཕུལ་ཡོད།
ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་དང་ས་གནས་ཁྲིམས་དྲུང་ཀུན་དགའ་ཆོས་སྒྲོན་ལགས་གཉིས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱ་ཁྱབ་གསལ་བསྒྲགས་ཀྱི་སྒོ་ནས་རྒྱུགས་བཞེས་ཀྱིས་ཐད་བསྐོས་གནང་བ་ཞིག་ཡིན་པ་དང་། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་མན་སྤར་ཕན་བདེ་གླིང༌དང་ཨོ་རི་ས་ཕུན་ཚོགས་གླིང༌། རྡོར་གླིང་། ཀ་སྦུག སྒང་ཏོག ར་ཝང་ལ་ཀུན་ཕན་གླིང༌། བསུ་ན་མདའ་བཀྲ་ཤིས་གླིང་། འབུམ་སྡེ་ལ། བསྟན་འཛིན་སྒང་། ཏི་ཛུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང༌། ཤི་ལོང་བཅས་ས་གནས་འགོ་འཛིན་ཁག་ ༡༢ དང་། དེ་དག་གི་ཁྱབ་ཁོངས་ཁ་འཐོར་བཅས་ཚུད་ཡོད་པ་དང་
ད་ཕན་ས་གནས་འགོ་འཛིན་ ༡༢ འདི་དག་ལ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པའི་འགན་དབང་བསྐུར་ཡོད་པ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་ཀྱི་ལམ་ནས་ཕྱིར་བསྡུ་གནང་སྟེ། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
ཐེངས་འདིའི་དབུ་འབྱེད་མཛད་སྒོ་དང་སྟབས་བསྟུན། ས་གནས་ནས་རེ་སྐུལ་ཞུས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་ཕྱི་ཚེས་ ༡༥ ཉིན་ཀུན་ཕན་གླིང་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ལ་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་མཆོག་ས་གནས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༡༦ ཉིན་མཁའ་ལམ་ནས་ལྡི་ལི་བརྒྱུད་བཞུགས་སྒར་དུ་ཕེབས་འབྱོར་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།