༢༠༡༣ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༢ ཉིན་བོད་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་ཕ་གངས་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་ཡིན་པ་རང་ལོ་ ༢༢ ལ་སོན་པའི་རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཏེ། ཀཱི་ཧི་ཧི། ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ༽ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེའི་ཁྲོད་ནས་ཁྲོམ་སྐོར་བྱས་པ་དང་དེའི་རྗེས་སར་འགྱེལ་ཏེ་འདས་གྲོངས་སུ་གྱུར་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ་ཉེན་རྟོག་པ་ཚོར་རྡོ་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་དམ་པ་ཁོང་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་ཀྱང་། དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་མདུན་པ་དང་གདུང་སེམས་མཉམ་སྐྱེ་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱས་ཡོད་འདུག དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག མེར་སྲེག་གཏོང་མཁན་ཚེ་རིང་བཀྲ་ཤིས་ཀྱི་ནང་མི་ཚོས། བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་།
ལྷག་པར་རི་སྡེ་ཚོ་བར་མཆོད་སྦྱིན་ལེགས་འགྲུབ་མ་གནང་བར་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་དེ་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་ངོས་ལེན་བྱས་མི་འདུག འོན་ཀྱང་དེ་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་ཟེར་བ་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབལ་མང་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་སྡིགས་ར་སྐུལ་བ་དང་། ལྷག་པར་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་ཟེར་བས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས། རང་འགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གཞུས་པ་སོགས་ཚོ་དཔོན་ཚོ་དངངས་འདར་ཤོར་དགོས་བཟོས་པ་སོགས་ཀྱིས་བཙན་དབང་འོག
ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ། སྡེ་བ་ཚོར་དཀའ་ལས་བཟོ་བའི་བསམ་ཤེས་ཐོག་བླ་ཆེན་ཨ་ལག་དབལ་མང་ཚང་གི་བཀའ་བཀོད་ལྟར་ཕྱི་ཚེས་ ༡༣ ཉིན་གྱི་མཚན་མོ་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱས་ཡོད་འདུག་ལ། སྐུ་ཕུང་ཞུགས་འབུལ་བྱ་བར་ཡང་མཚན་མོ་མི་རྣམས་གཉིད་ལ་ཤོར་རྗེས་མི་ཁ་ཤས་ཤིག་ལས་བཏང་མི་འདུག སྐབས་དེར་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཨ་མས་སྐུ་ཕུང་ཞུགས་འབུལ་གྱི་བཙན་དབང་གི་བཀའ་དེ་གོ་ནས་དྲན་པ་བརྒྱལ་བ་དང་སྐར་མ་ཁ་ཤས་ལ་དབུགས་ཆད་པ་སོགས་ཀྱི་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པའི་གནས་ཚུལ་བྱུང་ཡོད་པ་ས་གནས་བོད་མིས་འགྲེལ་བརྗོད་བྱས་འདུག
རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ནི་རྒྱུན་དུ་ནས་མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པ་མ་ཟད། རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་སེ་ཨང་དང་པོ་ལེན་མྱོང་མཁན་ཞིག་ཀྱང་ཡིན། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པས། དེ་སྔ་ཕྱི་རུ་རྫོང་རིམ་པ་དང་ཁུལ་རིམ་པར་ཨང་དང་པོ་ལེན་མྱོང་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་པ་དང་། ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པ་མ་ཟད། ཁོང་གི་ཕ་གངས་སེང་ཚང་གདུགས་དཀར་སྐྱབས་ནི་ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་འདུག་པ་བཅས། །