༢༠༡༣ ཟླ་ ༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ཚོགས་ཆུང་གིས། ཨན་དར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་བུ་མོ་ཚེ་རིང་ལགས། ཚེ་རིང་གཡུ་སྒྲོན་ལགས། བློ་བཟང་ཡེ་ཤེས་ལགས། འཇིགས་མེད་འབྱུང་གནས་ལགས ། ཨ་ཀྲུག་ཚེ་བརྟན་ལགས་བཅས་ཀྱིས། ཀར་ཎཱ་ཊ་ཀའི་མངའ་སྡེའི་ནང་གི་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་ནས། ཕྱི་ཚེས་ ༦ ཉིན་ཨན་དར་པར་དེ་ཤིའི་ (Andra Pradesh) མངའ་སྡེའི་གྲོང་ཁྱེར་ཧེ་དྲཱ་བྷཱ་དིར་འབྱོར་ཏེ། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེ་གྲོས་ཚོགས་འཐུས་མི་ ༣ བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་བྱེ་བྲག་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཞུས་པར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྤྱི་འཐུས་རྣམ་པའི་ཞུས་པའི་གནས་ཚུལ་ཁག་དབུས་གཞུང་ལ་སྙན་སེང་ཞུ་རྒྱུའི་ཁས་ལེན་དང་། བོད་མི་ཚོའི་ངོས་ནས་དབུས་གཞུང་ལ་འབྲེལ་བ་ཤུགས་ཆེ་ཙམ་གནང་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་གནང་ཡོད།
ཕྱི་ཚེས་ ༨ ཉིན་རྒྱ་གར་དབུས་གཞུང་གི་སྤྱི་འཐུས་པུར་ཤུཏྨ་རུབ་པ་ལ་མཆོག་དང་ཀྲི་ཀྲི་པེའི་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་མ་ཟད། དེར་ཡོད་གསར་ཁང་འདྲ་མིན་གྱི་གསར་འགོད་པ་ ༢༠ ལྷག་ལ་བོད་དོན་ངོ་སྤྲོད་དང་། བོད་དོན་ཞུ་གཏུག་དང་འབྲེལ་བའི་གནས་ཚུལ་ཐད་གསར་འགོད་གསལ་བསྒྲགས་སྤེལ་འདུག་པ་བཅས། །