༢༠༡༣ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེ་ཤིའི་རྒྱལ་ས་ཧེ་དྲ་བྷ་ཏི་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང། འཇིགས་མེད་འབྱུང་གནས་ལགས། བུ་མོ་ཚེ་རིང་ལགས། བློ་བཟང་ཡེ་ཤེ་ལགས། རྒྱ་རི་བུ་ཕྲུག་ལགས་བཅས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེ་ཤིའི་(Andhra Pradesh) རྒྱལ་ས་ཧེ་དྲ་བྷ་ཏི་ (Hyderabad) ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བའི་ཆ་ཤས་སུ། ཕྱི་ཚེས་ ༩ ཉིན་ཁུལ་དེར་སྤྱི་འཐུས་རྣམ་པ་དབུ་བཞུགས་ཐོག་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༠ ལྷག་ལ་གསར་འགོད་ལྷན་ཚོགས་སྐབས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་ཧ་ཅང་དཀའ་ངལ་འཕྲད་བཞིན་པ་མ་ཟད།
ད་ཆ་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་དང་གསལ་བཤད་གནང་ཡོད། དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཀྱང་བསྟན་ཡོད།
ཕྱི་ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ནས་ ༧།༣༠ བར་རྒྱལ་ས་དེའི་ཨིན་དྲ་སྐྱེད་མོས་ཚལ་ (Indra park) དུ་བོད་དོན་རྒྱབ་སྐྱོར་གྱི་མང་ཚོགས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་ཐོག་མར་མེ་ཁྲོམ་སྐོར་གནང་སྐབས། ས་གནས་ཀྱི་མཐོ་སློབ་ཁག་ནང་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་གྲངས་ ༥༨ དང་གཞན་ཡང་བོད་མི་སུད་ཚོང་བ། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༠ བཅས་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད། རྒྱ་གར་བ་དེ་དག་མང་ཆེ་བ་ནི་ཇེ་བྷ་ར་ཏི་(Jai Bharat) ཞེས་སྐུ་ཞབས་མུར་ཏི་(Mr. Murthi,)མཆོག་གིས་སྣེ་འཁྲིད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ནས་ཡིན་འདུག དེར་བརྟེན་མར་མེའི་ཁྲོམས་སྐོར་གྱི་ལས་འགུལ་ནང་ཁྱོན་མི་གྲངས་ ༣༠༠ ལྷག་གིས་མཉམ་ཞུགས་གནང་ཡོད། ལས་འགུལ་སྐབས་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་དང་བུ་མོ་ཚེ་རིང་ལགས། ཚེ་རིང་གཡུ་སྒྲོན་ལགས་བཅས་ཀྱིས་རྒྱ་བོད་ཨིན་གསུམ་སོ་སོའི་སྐད་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་སོགས་ཀྱིས་གདུང་སེམས་མཉམ་སྐྱེའི་ལས་འགུལ་དེར་རྒྱབ་སྐྱོར་ཧ་ཅང་གནང་ཡོད།
དེ་ཡང་ས་གནས་ཀོངྒ་རེ་སི་ཆབ་སྲིད་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཇི་ནི་རན་ཇན་(Mr G. Niranjan) ལགས་དང། ཀོངྒ་རེ་སི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནར་ཨིན་དྲ་རའོ་ལགས་ (Mr. Narander Rao) ལགས། དེ་བཞིན་དེ་སྔ་དམག་སྤྱི་ཟུར་པ་སྐུ་ཞབས་རང་གྷ་རཱ་ཇ་ལགས་ (Mr. Ranga Raja) བཅས་ཆེད་ཕེབས་གནང་ཡོད། ས་གནས་ཀོངྒ་རེ་སི་ཆབ་སྲིད་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཇི་ནི་རན་ཇན་ལགས་ཀྱིས་སྐབས་དེར་བོད་མིའི་སྙིང་སྟོབས་དང་ཆོད་སེམས་ལ་ཧ་ཅང་བསྔགས་བརྗོད་གནང་བ་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་སྲིད་བློན་དང་པོ་སྐུ་ཞབས་ནེ་རུ་མཆོག་གིས་བོད་མིར་རྒྱབ་སྐྱོར་གནང་བའི་ཆོད་སེམས་དེ་རྒྱུན་འཛིན་གནང་རྒྱུའི་ཁས་ལེན་གནང་དོན། བོད་མིའི་མངོན་འདོད་རྣམས་མྱུར་དུ་བསྒྲུབ་ངེས་ཡིན་པ་དང། རྒྱ་ནག་དམར་པོའི་སྲི་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་ཇི་ཙམ་བྱས་ཀྱང་ཁུངས་འཁྱོལ་ཐབས་མེད་པར་བརྟེན། གང་མྱུར་མཇུག་མ་སྒྲིལ་ཐབས་མེད་ཆགས་རྒྱུ་ཡིན། ང་ཚོས་བོད་མི་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལངས་ཕྱོགས་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་ཞེས། གསུངས་ཡོད་པ་བཅས།།